08/08/2020

རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་རིག་གཞུང་དོན་གཉེར་གནང་མཁན་ཚོང་པ་ཞིག་བཙན་དབང་གིས་གར་སོང་ཆ་མེད་བཟོ་བཞིན་པ་མྱུར་དུ་མཚམས་འཇོག་དགོས།

  •   
  •  
  •  
  •  
  •  
  •  
  •  

འདི་ག་ལྟེ་གནས་ཁང་གིས་ངོས་ནས། རྒྱ་གཞུང་གིས་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་རིག་གཞུང་དོན་གཉེར་གནང་མཁན་ལྷ་ས་གོང་དཀར་གནམ་ཐང་ནས་གང་བྱུང་འཛིན་བཟུང་བཙན་ཁྲིད་ཀྱིས། ད་བར་གར་ཡོད་ཅི་བྱས་དང་ཤི་གསོན་གྱི་དངོས་ཡོད་གནས་སྟངས་ངེས་པར་དུ་གསལ་བཤད་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་ཡི་ཡོད།

ཕྱི་ལོ་༢༠༡༨ ཕྱི་༣ པའི་ཟླ་མཇུག་ཙམ་ལ་ཚོང་པ་བསྟན་འཛིན་ཆོས་འཕེལ་ཁྲུན་ཏུའུ་ནས་ལྷ་སར་ལོག་སྟེ་གོང་དཀར་གནམ་ཐང་དུ་འབྱོར་སྐབས། ཉེན་རྟོག་པས་གློ་བུར་འཛིན་བཟུང་བཙན་ཁྲིད་བྱས་རྗེས་ཀྱི་འདས་པའི་མི་ལོ་༢ དང་ཟླ་བ་༢ རིང་ཁོང་གི་ཉེས་དོན་ག་རེ་ཡིན་པ་དང་། གནས་སྟངས་ཅི་འདྲ་ཡིན་མིན་གྱི་བརྡ་ལན་ཙམ་ཡང་སྤྲད་མེད་ཅིང་། ཁོང་བཙན་ཁྲིད་བྱས་རྗེས། ད་དུང་ཉེན་རྟོག་པས་ཁོང་གི་ཁྱིམ་ནང་སྔོག་བཤེར་བྱས་ཏེ་༸གོང་ས་མཆོག་གི་སྐུ་པར་འགའ་དང་ཆབ་སྲིད་དང་འབྲེལ་བའི་རྩོམ་ཡིག་ལག་སོན་བྱུང་ལུགས་དང་། ཕྱིས་སུ་ལྷ་སའི་བཀག་ཉར་ཁང་ཞིག་ཏུ་ཡོད་རབས་ཀྱི་གནས་ཚུལ་གོ་ཐོས་ཙམ་མ་གཏོགས་ཁོང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད།

དེ་རིང་འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་གསལ་ལྟར་ན། ད་ཆར་རྒྱ་ནག་ས་གནས་སྲིད་གཞུང་གིས་ཡུལ་མི་ཚོས་ཚོང་པ་བསྟན་འཛིན་ཆོས་འཕེལ་སྐོར་གྱི་གནས་ཚུལ་གླེང་སློང་བྱས་མི་ཆོག་པ་དང་། ཁོང་གི་འདྲ་པར་རིགས་ཁ་པར་དང་འཕྲིན་ཕྲན་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་སྤེལ་བའམ་བསྐུར་མི་ཆོག་པའི་བཙན་བཀའ་བཏང་འདུག

ཕ་ཡུལ་བོད་ལྗོངས་ནག་ཆུ་ས་ཁུལ་ཁམས་ཤག་རོང་རྟ་ཆེན་ཡུལ་ཚོ་ནས་ཡིན་པའི་ཚོང་པ་བསྟན་འཛིན་ཆོས་འཕེལ་ནི། བོད་ནང་གི་རང་བྱུང་ཁོར་ཡུག་དང་རིག་གནས་དོན་གཉེར་གནང་མཁན་ཞིག་ཡིན་པར་མ་ཟད། བོད་མི་ནང་ཁུལ་མཐུན་སྒྲིལ་དང་དབུལ་བོ་ཉམ་ཐག་ལ་རོགས་སྐྱོར་གནང་མཁན་མི་རིགས་ཀྱི་ལར་ཞེན་ཅན་ཞིག་ཡིན་ཞིང་། ལོ་ཤས་གོང་ནས་ཁོང་གིས་ནག་ཆུ་ས་ཁུལ་གྱི་རང་བྱུང་སྣོད་བཅུད་དང་ཁོར་ཡུག་སྲུང་སྐྱོང་ཡོང་ཆེད། ས་ཁུལ་དེའི་གནས་རི་བྱི་ནགས་འཁོར་སུམ་དང་། ཆོས་ལུང་རྒྱུད་ཀྱི་གཏེར་ཆུ་དང་གཏེར་ཁ་སོགས་ལྗོངས་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ཁོངས་སུ་ཚུད་ཐབས་སུ་སྒེར་ངོས་ནས་དཔལ་འབྱོར་གྱི་འགྲོ་གྲོན་འབོར་ཆེན་བཏང་བ་དང་། དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ས་ཚུགས་རྡོ་རིང་ཡན་ཆད་བཙུགས་པ་གསལ་ཡོད།

བཙན་དབང་གིས་བསྟན་འཛིན་ཆོས་འཕེལ་གར་སོང་ཆ་མེད་བཟོས་པ་དེ་ནི། སོ་སོའི་རྩ་ཆེའི་རིག་གཞུང་དང་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཡོང་ཆེད། རྒྱ་གཞུང་གི་འཛུགས་སྐྲུན་ལས་གཞིའི་གཏོར་བཤིག་ལ་འགོག་རྒོལ་གནང་མཁན་ས་གནས་བོད་མི་ཚོར་འཕྲད་པའི་ཡ་ང་སྙིང་རྗེ་མེད་པའི་སྡུག་སྦྱོང་མནར་གཅོད་ཀྱི་དཔེ་མཚོན་གཞན་ཞིག་ཡིན་པ་རེད། འདས་པའི་མི་ལོ་བཅུ་ཕྲག་རིང་རྒྱ་གཞུང་གི་མགོ་མཇུག་ལྡོག་པའི་འཛུགས་སྐྲུན་སྲིད་ཇུས་ལག་བསྟར་ཁྲོད་དུ་ཆུ་གློག་དང་ཐོན་ཁུངས་ལ་བཤུ་གཞོག་བཏང་བ་ཡིས། ས་གནས་བོད་མིའི་ཁོར་ཡུག་ཡུན་གནས་དང་འཚོ་རྟེན་རྒྱུན་གནས་ཀྱི་ཐོབ་ཐང་བཙན་འཕྲོག་བྱས་ཡོད།

རྒྱ་གཞུང་གིས་ནམ་ཞར“བདེ་འཇགས”དང“བརྟན་ལྷིང”ལ་ཉེན་ཁ་ཆེ་ལུགས་བསྙད་ནས། བཀག་ཉར་མི་སྣར་སྲུང་སྐྱོབ་དང་ཁྲིམས་ཀྱི་འགྲོ་ལུགས་སྒྲུབ་རྒྱུར་བར་ཆད་བཟོས་ཏེ། ཁྱབ་ཆེ་ཞིང་དམིགས་ཡུལ་དང་འཆར་གཞི་ལྡན་པའི་ཐོག་ནས་བཙན་དབང་གིས་གར་སོང་ཆ་མེད་གཏོང་ཐབས་ལག་ལེན་དུ་བསྟར་བཞིན་པ་ཀུན་གྱི་མིག་མཐོང་ལག་ཟིན་ཆགས་ཡོད།

འདི་ག་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས་བརྗོད་དོན། “ང་ཚོའི་ངོས་ནས་རྒྱ་ནག་གཞུང་གིས་བོད་མིའི་སྤྱི་ཚོགས་དང་མང་ཚོགས་ཀྱི་འཚོ་རྟེན་དོན་གཉེར་གནང་མཁན་བསྟན་འཛིན་ཆོས་འཕེལ་གར་སོང་ཆ་མེད་བཟོ་བཞིན་པ་མྱུར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡོད། ཚོང་པ་བསྟན་འཛིན་ཆོས་འཕེལ་ཁྲིམས་འགལ་བཀག་བསྐྱིལ་གྱིས་གར་སོང་ཆ་མེད་བཟོ་བཞིན་པ་དེས། རྒྱ་གཞུང་གིས་ས་གནས་བོད་མིའི་ཁེ་ཐོབ་སྲུང་སྐྱོབ་དང་ཡར་རྒྱས་ཀྱི་ལས་སུ་གཞོལ་མཁན་ཚོང་པ་ཁོང་གྲགས་འགུལ་མེད་པར་བཟོ་ཐབས་ཀྱི་དྲག་གནོན་དང་གདུག་རྩུབ་ཀྱི་བསམ་སྦྱོར་གསལ་བོར་མཚོན་ཡོད།”

བཙན་དབང་གིས་གང་བྱུང་གར་སོང་ཆ་མེད་བཟོ་བ་ནི། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གཙོས་སྤྱིའི་སྤྱི་ཆིངས་དང་ཁྲིམས་ཡིག་རྩ་འཛིན་ཁག་ནང་གསལ་གྱི་གཞི་རྩའི་རང་དབང་དང་ཐོབ་ཐང་ཁག་རྡོག་རོལ་བརྡལ་བཤིག་བཏང་བ་རེད། རྒྱ་གཞུང་གིས་ལག་བསྟར་ཆོག་མཆན་མ་སྤྲད་པའི་བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་ཀྱི་དོན་ཚན་༢ པའི་ནང་དུ།“བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་རིགས་ཞེས་པ་ནི། སྲིད་གཞུང་གི་སྡེ་ཚན་དང་། དབང་ཡོད་མི་སྣ་ཁ་ཤས་སམ་ཡང་ན་མི་སྣ་ཁ་ཤས་ཀྱིས་གྲུབ་པའི་ཚོགས་སྡེ་གང་རུང་གིས་དབང་ཚད་སྤྱད་དེ་འཛིན་བཟུང་དང་། བཀག་བསྐྱིལ། བཙན་འཁྲིད། རང་དབང་འཕྲོག་པ་བཅས་ལ་ངོས་འཛིན་བྱེད་ཅིང་། རང་དབང་འཕྲོག་པར་ངོས་ལེན་མི་བྱེད་པའམ་གང་སོང་ཆ་མེད་དུ་གྱུར་བའི་སྐྱེ་བོ་དེ་གང་དུ་ཡོད་པ་དང་གནས་སྟངས་ཅི་འདྲ་ཡིན་པ་སོགས་གསང་བ་བྱེད་ཐབས་སུ་སྲིད་གཞུང་གིས་རྒྱབ་སྐྱོར་རམ་ཆོག་མཆན་སྤྲོད་པ་བཅས་ལ་ངོས་འཛིན་བྱེད་ཀྱི་ཡོད།” ཅེས་གསལ་ཡོད། རྒྱ་གཞུང་གིས་ཐ་ན་སྤྱི་ཆིངས་འདི་ལ་མིང་རྟགས་ཙམ་ཡང་བཀོད་མེད་ནའང་། རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་དུ་སྤྱི་ཆིངས་འདི་གཏན་འབེབ་སྐབས་ཀྱི་བསྒྲགས་གཏམ་ནང་གསལ་ཚོགས་ཞུགས་རྒྱལ་ཁབ་རྣམས་ཀྱིས་སྐྱེ་བོ་ཚང་མར་བཙན་དབང་གིས་གར་སོང་ཆ་མེད་བཟོ་བ་ལས་སྲུང་སྐྱོབ་བྱེད་དགོས་པའི་རྩ་འཛིན་ཁག་གི་འོག་ཏུ་འདུས་ཡོད་པ་དང་། དེ་ནི་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ཁག་གི་རྩ་དོན་གྱི་སྒྲོམ་གཞི་ཆགས་ཡོད་པས། ལག་བསྟར་ཆོག་མཆན་སྤྲད་མིན་ལ་མ་བལྟས་པར། རྒྱ་གཞུང་གིས་སོ་སོའི་རྩ་ཁྲིམས་ཀྱི་ནང་དུ་སྡུག་སྦྱོང་མནར་གཅོད་བཏང་ནས་བཙན་དབང་གིས་གར་སོང་ཆ་མེད་གཏོང་བ་སྔོན་འགོག་བྱེད་རྒྱུ་ནི་རྩ་ཁྲིམས་ཀྱི་ཆེས་མ་མཐའི་ཚད་གཞིག་ཞིག་ལ་ངོས་འཛིན་གྱིས་ལག་ལེན་བསྟར་དགོས་པ་ཞིག་ཆགས་ཡོད།

དེ་བཞིན་དུ་སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་དོན་ཚན་༩ བའི་ནང་དུ། “སྐྱེ་བོ་སུ་ཞིག་ཡིན་རུང་གང་བྱུང་འཛིན་བཟུང་དང་བཀག་བསྐྱིལ་བྱས་མི་ཆོག ཁྲིམས་ཀྱིས་གཏན་ལ་ཕབ་པའི་འགྲོ་ལུགས་གཞིར་འཛིན་པ་མ་གཏོགས། སྐྱེ་བོ་སུ་ཞིག་གི་རང་དབང་བཙན་འཕྲོག་བྱས་མི་ཆོག” ཅེས་དང་། དོན་ཚན་དེའི་ནང་དུ་མུ་མཐུད། “སྐྱེ་བོ་སུ་ཞིག་འཛིན་བཟུང་བྱེད་སྐབས། འཛིན་བཟུང་གི་རྒྱུ་མཚན་ཅི་དང་ནག་ཉེས་གང་ཡིན་པ་དུས་ཐོག་ཏུ་བརྡ་ལན་སྤྲོད་དགོས་པ་དང་། བཀག་བསྐྱིལ་ནར་འགྱང་མི་གཏོང་བར་ཐག་གཅོད་ཡོང་ཆེད་འཕྲལ་དུ་ཁྲིམས་དཔོན་ནམ་ཡང་ན་ཁྲིམས་ཀྱི་དབང་ཚད་ལྡན་པའི་དཔོན་རིགས་ཀྱི་མདུན་སར་འཁྲིད་དགོས་པ་དང་། གལ་ཏེ་ཁྲིམས་འགལ་བཀག་ཉར་ཡིན་ཚེ་གློད་གྲོལ་གཏོང་དགོས། དུས་ཚོད་འོས་འཚམ་ནང་ཁྲིམས་གཅོད་ཉན་ཞིབ་ཀྱི་ཐོབ་དབང་སྤྲོད་དགོས།” ཞེས་ཀྱང་གསལ་ཡོད། སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་འདི་ནི་རྒྱལ་སྤྱིའི་རྒྱུན་སྤྱོད་ཀྱི་རྩ་ཁྲིམས་ཤིག་ཡིན་པས་རྒྱ་ནག་གཞུང་སྤྱི་ཁྲིམས་འདིའི་འོག་ཏུ་འདུས་ཡོད།