12/11/2019

རྒྱ་གཞུང་གིས་དྲ་ལམ་བདེ་འཇགས་ཀྱི་མིང་བྱང་འོག་ཏུ་སྨྲ་བརྗོད་རང་དབང་ལ་དམ་དྲག་བྱེད་ཀྱིན་འདུག 

  •   
  •  
  •  
  •  
  •  
  •  
  •  

བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་བརྡ་ཁྱབ་སྤེལ་ཏེ། ཁྲིམས་འགལ་ཉེས་གསོག་ཆ་འཕྲིན་གྱི་ཁུངས་སྣེ་ཐེར་འདོན་བྱས་ན་བྱ་དགའ་མཐོ་ཤོས་རྒྱ་སྒོར་ཁྲི་༣༠༠༠༠༠ སྤྲོད་རྒྱུ་ཡིན་རབས་བཤད་ཅིང་། དེ་ནི་རྒྱ་གཞུང་གིས་སྤྱི་ཚོགས་དོ་དམ་གྱི་འཐབ་ཇུས་སྤྱད་ནས་མང་ཚོགས་ནང་ཕན་ཚུན་དབར་གསང་མྱུལ་གྱི་ཞེན་སྐུལ་བཏང་སྟེ་ཁྲིམས་འགལ་ཉེས་གསོག་དང་འབྲེལ་བའི་ཆ་འཕྲིན་རིགས་ཚང་མ་བཀག་སྡོམ་བྱེད་ཐབས་ཤིག་རེད།

གོང་ཞུས་བརྡ་ཁྱབ་དེ་ནི་འདི་ལོའི་ཕྱི་ཟླ་༢ ཚེས་༢༨ ཉིན་བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་དང་སྤྱི་བདེ་ལས་ཐིང་། ལྗོངས་འཕྲིན་གཏོང་དོ་དམ་པུའུ་ཟེར་བ་སོགས་མཉམ་འབྲེལ་གྱི་ཐོག་ནས་བཏང་བ་ཞིག་ཡིན་པ་དང་། བརྡ་ཁྱབ་དེ་དྲིལ་བསྒྲགས་བྱས་ཉིན་ནས་དངོས་སུ་ལག་ལེན་བསྟར་དགོས་པའི་ལྐུལ་འདེད་བཏང་འདུག བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས། རྒྱ་ནག་ནང་ཁུལ་གྱི་ཁྲིམས་སྒྲིག་ཁག་གཞིར་བཟུང་གིས་རང་སྐྱོང་ལྗོངས་ནང་ལོགས་ཀྱི་དངོས་ཡོད་གནས་སྟངས་དང་སྦྲེལ་ནས་ལག་བསྟར་བྱ་རྒྱུ་ཡིན་ལུགས་བཤད་ཅིང་། ཁྲིམས་སྒྲིག་དེ་དག་གི་ནང་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་གྱི་བཅའ་ཁྲིམས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་དྲ་རྒྱའི་བདེ་འཇགས་སྐོར་གྱི་གཏན་འདེབས་ཟེར་བ་སོགས་ཚུད་འདུག

བརྡ་ཁྱབ་དེ་ལ་བརྟེན་ནས་རྒྱ་གཞུང་གིས། མང་ཚོགས་ནས་གནས་ཚུལ་འཚོལ་བསྡུ་དང་སྒྲིག་བཟོ། ཕབ་ལེན། གསོག་ཉར། ཁྱབ་སྤེལ། བརྒྱུད་སྐུར་བྱེད་པ་སོགས་གཏན་འགོག་དང་། ཡང་ཏང་སྲིད་གཞུང་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། ཏང་དང་སྲིད་གཞུང་གི་བོད་སྐྱོང་སྲིད་ཇུས་ཟེར་བ་བཅས་ལ་སྐྱོན་བརྗོད་དང་འབྲེལ་བའི་གནས་ཚུལ་རིགས་མང་ཚོགས་ནང་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་རེད།

བརྡ་ཁྱབ་དེ་ལ་བརྟེན་ནས་རྒྱ་གཞུང་གིས་ད་དུང་ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་ལོ་རྒྱུས་འཁྱོག་བཤད་དང་། རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོ་བ། ཁྱབ་ཆེའི་ཆ་འཕྲིན་ལ་ལྟ་ཞིབ་དང་ཆ་འཕྲིན་རྫུན་སྒྲིག་རིགས་ཚང་མ་གཏན་འགོག་བྱ་རྒྱུ་ཡིན་རབས་བཤད་འདུག

དེར་མ་ཟད། བརྡ་ཁྱབ་དེའི་ནང་དུ། རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པ་དང་སྤྱི་ཚོགས་ཀྱི་ལམ་ལུགས་རྩ་སློག་གཏོང་བ། རྒྱལ་ཁབ་ཁ་བྲལ་སོགས་ཀྱི་ཆ་འཕྲིན་རིགས་ཚང་མ་ཁྲིམས་འགལ་ནག་ཉེས་ཀྱི་ངོ་བོར་བསྒྱུར་ཡོད་པ་རེད།

རྒྱ་གཞུང་གི་བརྡ་ཁྱབ་ལྟར་ན། དྲ་རྒྱའི་འཕྲིན་གཏོང་ཡོ་བྱད་གྲས་སུ། གློག་ཀླད་དང་། ལག་ཐོག་ཁ་པར། དུས་ཐོག་འཕྲིན་གཏོང་། གཟུགས་མཐོང་ཁ་པར། གྱོན་འདོགས་རྣམ་པའི་དྲ་རྒྱའི་སྒྲིག་ཆས་༼ལག་འདོགས་ཆུ་ཚོད་སོགས།༽སོགས་ཚུད་ཡོད་ཀྱང་དེ་དག་གིས་མི་ཚད་པ་དང་། དྲ་རྒྱའི་འཕྲིན་གཏོང་ཁྱབ་ཁོངས་སུ་ཡི་གེ་དང་། པར་རིས། སྒྲ་གློག་བརྙན་གསུམ། མཚོན་རིས། སྒེར་གྱི་ཆ་འཕྲིན། ཟུར་ཟའི་རི་མོ་སོགས་ཚུད་ཡོད་ཀྱང་དེ་དག་གིས་ཚད་ཀྱི་མེད་པ་རེད།

དྲ་ཐོག་ཏུ་དངུལ་གཏོང་ལེན་དང་། གློག་རྡུལ་དངུལ་འཛིན། དངུལ་འཛིན་བྱང་བུ། འཕྲིན་ཕྲན་སོགས་དྲ་རྒྱའི་དངུལ་རྩའི་ཐོན་རྫས་བེད་སྤྱད་ནས་མི་རིགས་ཁ་ཕྲལ་བའི་སྟོབས་ཤུགས་དང་། ཆོས་ལུགས་ཐལ་སྐྱོད་པའི་སྟོབས་ཤུགས། གཏུམ་སྤྱོད་འཇིགས་སྐུལ་བའི་སྟོབས་ཤུགས་དང་འབྲེལ་བའི་མི་སྣ་དང་སྒྲིག་འཛུགས་ཟེར་བ་སོགས་ཚང་མ་ཁྲིམས་འགལ་ནག་ཉེས་ཀྱི་ངོ་བོར་བསྒྱུར་འདུག

བརྡ་ཁྱབ་ནང་དུ། རྒྱལ་ཁོངས་ཕྱིའི་རྩ་འཛུགས་དང་། སྒྲིག་གཞི། མི་སྣ་བཅས་ལ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། དམག་དོན། རིག་གནས། ཆོས་ལུགས་སོགས་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཀྱི་གསང་བའམ་གསང་འཕྲིན་བརྒྱུད་གཏོང་བྱེད་པ་གཏན་འགོག་དང་། གཏན་འགོག་བྱས་པའི་ཆ་འཕྲིན་གྲས་སུ་ད་དུང་། མི་རིགས་བར་གྱི་འབྲེལ་བར་དཀྲུག་ཤིང་རྒྱག་པ་དང་། མི་རིགས་དབར་འགལ་ཟླ་བཟོ་བ། ཆོས་དད་མི་འདྲ་བ་དང་ཆོས་དད་གཅིག་གི་གྲུབ་མཐའ་མི་འདྲ་བའི་དད་ལྡན་པའི་དབར་ལ་འཁོན་འཛིན་དང་། ཁ་གཏད། གཏོང་གཏུག་སོགས་ཀྱི་དཀྲུག་ཤིང་རྒྱག་པ་སོགས་བཏོན་འདུག

དྲ་རྒྱའི་འཕྲིན་གཏོང་ཡོ་བྱད་བེད་སྤྱོད་མཁན་ཚོས། སྤྱི་ཕན་དང་། ཁོར་ཡུག་སྲུང་སྐྱོང་། སློབ་གསོ། སྨན་བཅོས། དབུལ་སྐྱོར་སོགས་ལ་ཁ་གཡར་ཏེ། རྩ་འཛུགས་འཛུགས་པའམ་ཁྲིམས་འགལ་གྱི་རྩ་འཛུགས་ནང་ཞུགས་པ། ཏང་དང་སྲིད་གཞུང་གི་འབྲེལ་ཡོད་སྲིད་ཇུས་ལ་འཁྱོག་བཤད་དང་ཚིག་མཚོན་འདེབས་པ་སོགས་ལ་མཇུག་འབྲས་ཚབས་ཆེན་ཕོག་རབས་བཤད་ཅིང་། དེ་དང་གཅིག་མཚུངས་སུ། བརྡ་ཁྱབ་ནང་། འཇིགས་སྐུལ་དྲག་སྤྱོད་ཀྱི་སྒྲིག་འཛུགས་དང་། ཆོས་ལུགས་ཐལ་སྐྱོད་ཀྱི་སྟོབས་ཤུགས། རྒྱལ་ཁོངས་ཕྱིའི་ཁ་བྲལ་རིང་ལུགས་ཀྱི་སྟོབས་ཤུགས་དང་འབྲེལ་བའི་སྒྲིག་འཛུགས་དང་མི་སྣ་བཅས་ཀྱིས་སྤེལ་བའི་ཆ་འཕྲིན་འཚོལ་བསྡུ་དང་། ཁྱབ་སྤེལ། ཕབ་ལེན། བརྒྱུད་གཏོང་སོགས་གཏན་འགོག་བྱས་ཡོད་པ་རེད།

སྤྱིར་བཏང་བོད་ནང་དུ་རྒྱ་གཞུང་གིས་ཁ་པར་གཙོ་བའི་སྤྱི་ཚོགས་བརྒྱུད་ལམ་ལ་དམ་དྲག་ཤུགས་ཆེར་བཏང་ཡོད་པ་རེད། སྲིད་གཞུང་གི་དབང་སྒྱུར་སྲིད་ཇུས་ཁག་ལ་སྐྱོན་བརྗོད་གནང་མཁན་དང་། ཏང་གི་ཆབ་སྲིད་ལྟ་སྤྱོད་མི་མཐུན་མཁན་ཚོར་དྲག་གནོན་བྱེད་ཐབས་སུ། རྒྱ་གཞུང་གིས་ནམ་ཞར་དྲ་རྒྱའི་འཕྲིན་གཏོང་ཁྱབ་ཁོངས་བཀག་སྡོམ་དང་དོགས་ཟོན་མྱུལ་ཞིབ་བྱེད་རྒྱུ་ནི་ཆེས་རྒྱུན་ལྡན་གྱི་གནས་སྟངས་ཤིག་ཆགས་ཡོད། ཡིན་ནའང་གོང་ཞུས་བརྡ་ཁྱབ་དེ་ནི། རྒྱ་གཞུང་གིས་མང་ཚོགས་ཀྱི་བསམ་བརྗོད་རང་དབང་དང་། ཆ་འཕྲིན་གྱི་རང་དབང་ལ་སྔར་ལས་ལྷག་པའི་སྟངས་འཛིན་དང་། ད་ལྟ་རྒྱལ་ཡོངས་སུ་ལག་ལེན་བསྟར་བཞིན་པའི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་འགུལ་ལག་བསྟར་གྱི་གནད་འགག་ཅིག་ཆགས་ཡོད་པ་རེད།

རྒྱ་གཞུང་གིས་ནག་སེལ་བཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གལ་གནད་དུ་འཛིན་དོན་ནི། རྒྱ་ནག་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་ཉེན་ཁ་ཆེན་པོ་ཞིག་མཐོང་གི་ཡོད་པ་དང་། དེས་ཕྱི་ལོ་༢༠༡༨ ཟླ་༡ ནང་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་སྤེལ་བའི་བརྡ་ཁྱབ་ནང་གསལ་གྱི་ཁྲིམས་འགལ་ནག་ཉེས་ཀྱི་དོན་ཚན་ཁག་དང་། ཉེ་ཆར་སྤེལ་བའི་བརྡ་ཁྱབ་ནང་གསལ་གྱི་ཁྲིམས་འགལ་ནག་ཉེས་ཀྱི་དོན་ཚག་ཁག་དབར་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་བསྟན་འདུག

ཕྱི་ལོ་༢༠༡༨ ལོར་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་བརྡ་ཁྱབ་ནང་དུ་ཁྲིམས་འགལ་ཉེས་གསོག་ཐེར་འདོན་གྱི་བྱ་དགའ་མཐོ་ཤོས་རྒྱ་སྒོར་༡༠༠༠༠༠ ཡིན་ལུགས་དང་། ཉེ་ཆར་བཏང་བའི་བརྡ་ཁྱབ་ནང་དུ་ཁྲིམས་འགལ་ཉེས་གསོག་ཐེར་འདོན་གྱི་བྱ་དགའ་མཐོ་ཤོས་རྒྱ་སྒོར་༣༠༠༠༠༠ ཡིན་རབས་བཤད་པ་དེས། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཁྲེམས་འགལ་ཉེས་གསོག་གི་དོགས་གཞིར་དོ་སྣང་ཤུགས་ཆེན་བྱེད་བཞིན་པ་བསྟན་ཡོད།

དེ་ཡང་མ་ཟད། ཉེ་ཆར་གྱི་བརྡ་ཁྱབ་ནང་གསལ་གྱི“བོད་དང་འབྲེལ་བའི་རྒྱ་ནག་གི་མངའ་ཁོངས་རྩོད་ལེན”ཟེར་བ་དང་། “ཁ་བྲལ་རིང་ལུགས་ཀྱི་ལས་འགུལ་ནང་ཞུགས་པ།” “དབུ་མའི་ལམ།” “ཕ་སྐད་སྲུང་སྐྱོབ།” “ཆོས་ལུགས་ཀྱི་སྟོབས་ཤུགས་བེད་སྤྱད་ནས་གཞི་རིམ་གྱི་སྲིད་འཛིན་དང་ཁྲིམས་འཛིན་ལ་ཐེ་ཇུས་བྱེད་པ”ཟེར་སོགས་ནི། ཕྱི་ལོ་༢༠༡༨ ལོའི་བརྡ་ཁྱབ་ནང་གསལ་གྱི་དོན་ཚན་ཁག་དང་གཅིག་མཚུངས་རེད།

སྲིད་གཞུང་གི་དྲག་གནོན་སྲིད་ཇུས་ལ་སྐྱོན་བརྗོད་དང་། ཏང་གི་ཆབ་སྲིད་ལྟ་སྤྱོད་མི་མཐུན་མཁན་ཞི་བའི་ལས་འགུལ་བ་ཚོར་སྡུང་སྦྱོང་སྟངས་འཛིན་བྱེད་ཐབས་སུ། དབང་འཛིན་དཔོན་རིགས་ཚོས་གསལ་ཁ་ཅི་ཡང་མེད་པའི་ཁྲིམས་འགལ་སྲུང་སྐྱོང་ཟེར་བ་དེ། ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་ཀྱིན་ཡོད་པ་རེད། སྤྱི་ཚོགས་དོ་དམ་གྱི་འཐབ་ཇུས་ཟེར་བའི་མིང་བྱང་འོག་ཏུ། རྒྱ་གཞུང་གིས་མང་ཚོགས་ནི་སྲིད་གཞུང་གི་མྱུལ་མར་བསྒྱུར་ཏེ། བོད་མི་ཚོར་ཕན་ཚུན་གྱི་གནས་ཚུལ་ཡོད་ཚད་འབྲེལ་ཡོད་སྡེ་ཁག་ལ་ལྐོག་ཞུ་བྱེད་དགོས་པའི་སྐུལ་འདེད་གཏོང་མུས་ཡིན་པ་དང་། འདི་ནི་རྒྱ་གཞུང་གིས་ཉེན་རྟོག་གི་དབང་ཤུགས་སྤྱད་དེ་བོད་ནང་ལ་དྲག་གནོན་བྱེད་བཞིན་པའི་དཔེ་མཚོན་འཁྲུལ་མེད་ཞིག་ཡིན་པ་རེད།