31/05/2020

རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་ལ་ཁ་གཡར་ནས་བོད་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་མུ་མཐུད་བཀག་བསྐྱིལ་བྱེད་བཞིན་པ་མཚམས་འཇོག་དགོས།

  •   
  •  
  •  
  •  
  •  
  •  
  •  
འདྲ་པར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་པའི་ཏོག་དབྱིབས་ནད་དུག་ཁ་རུ་ཁྱེར་ནས བཀག་བསྐྱིལ་འོག་གི་བོད་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་གིས་ཁོར་བཙན་འགེལ་བྱས་པའི་མི་ལོ་༥ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་དང་ལེན་མ་གནང་བར་གོང་གཏུག་བྱེད་པ་ལ་འགོག་རྐྱེན་བཟོས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཕྱི་ལོ་༢༠༡༨ ཟླ་༥ ནང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། བཀྲ་ཤིས་དབང་ཕྱུག་ལ“རྒྱལ་ཁབ་ཁྲལ་གྱི་སྐུལ་སློང་བྱས”རབས་ཀྱི་ཉེས་འཛུགས་འོག་ཏུ་མི་ལོ་༥ ཡི་ཁྲིམས་ཐག་བཅད་པ་དང་། བཀྲ་ཤིས་དབང་ཕྱུག་གིས་ཁྲིམས་རྩོད་པ་ལིན་ཆི་ལི་དང་ལིང་ཞོ་ཅིན་གཉིས་བརྒྱུད་ནས་དྲང་བདེན་མིན་པའི་ཁྲིམས་ཆད་དེ་སླར་ཡང་གོང་གཏུག་གནང་ཡོད།

ཕྱི་ཟླ་༤ ཚེས་༢༧ ཉིན་ལིན་ཆི་ལི་དང་ལིང་ཞོ་ཅིན་གཉིས། ཟི་ལིང་གྲོང་ཁྱེར་ཏོང་ཁྲུན་བཙོན་ཁང་དུ་བཙོན་འཇུག་བྱས་པའི་ཞུ་སྦྱོར་བ་ཕྱི་མ་བཀྲ་ཤིས་དབང་ཕྱུག་ལ་ཐུག་འཕྲད་བྱེད་དུ་བཅུག་མེད་པ་དང་། ཁྲིམས་རྩོད་པར་ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་བཙོན་ཁང་ཚང་མས་ཁྲིམས་རྩོད་པའི་ཐུག་འཕྲད་དུས་ངེས་མེད་ལ་མཚམས་བཞག་ཡོད་ལུགས་བཤད་འདུག བཙོན་ཁང་གི་དབང་འཛིན་པ་ཚོས་ཏོག་དབྱིབས་ནད་དུག་གི་ཁྱིམ་སྡོད་བཀའ་རྒྱར་ཁ་གཡར་ནས། ཁྲིམས་རྩོད་པ་གཉིས་ཞུ་སྦྱོར་བ་ཕྱི་མར་ཐུག་པ་ནི“ཁྲིམས་འགལ”དུ་ངོས་འཛིན་བྱས་ཡོད་པ་དང་། དེ་ཡང་སྐུ་ཞབས་ལིན་ཆི་ལིས། བཙོན་ཁང་གི་དོ་དམ་པས་ནམ་ཞར་ཐུག་འཕྲད་ལ་འགོག་རྐྱེན་བཟོ་བར་ཁ་གཡར་ས་གསར་བ་འཚོལ་གྱི་ཡོད་པ་བྲིས་འདུག

ཕྱི་ཟླ་༤ ཚེས་༣༠ ཉིན་ལིན་ཆི་ལིས་ཁོང་གི་བྱ་སྐད་འཕྲིན་སྟེགས་(Twitter)སྟེང་སྤེལ་བའི་གནས་ཚུལ་གྱི་ནང་དུ། “མཚོ་སྔོན་ཞིང་ཆེན་བཙོན་ཁང་དོ་དམ་ཁང་གིས་ད་དུང་ཁྲིམས་རྩོད་པ་བཙོན་འོག་གི་བཀྲ་ཤིས་དབང་ཕྱུག་ལ་ཐུག་འཕྲད་བྱེད་དུ་བཅུག་མ་སོང་།

ཕྱི་ལོ་༢༠༢༠ ཟླ་༤ ཚེས་༢༧ ཉིན་ང་ཚོས་མཚོ་སྔོན་ཞིང་ཆེན་བཙོན་ཁང་དོ་དམ་ལས་ཁུངས་ལ་འབྲེལ་བ་བྱེད་དུས། ང་ཚོར་ད་ལྟ་ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་བཙོན་ཁང་ཚང་མས་ཁྲིམས་རྩོད་པའི་ཐུག་འཕྲད་མཚམས་བཞག་ཡོད། བཀྲ་ཤིས་དབང་ཕྱུག་གི་གྱོད་དོན་ཐད་ནས་ཁྲིམས་རྩོད་པར་ཐུག་ཆོག་མིན་དེ་ཏོག་དབྱིབས་ནད་དུག་མཇུག་རྫོགས་རྗེས་ད་གཟོད་ཞིབ་ཕྲར་བཤད་དགོས་ཟེར། གཞུང་ཕྱོགས་ལ་ནམ་ཡང་ཁ་གཡར་ས་གསར་བ་ཡོད། ཡིན་ནའང་འདི་ཚང་མ་ཁྲིམས་འགལ་གྱི་ཁ་གཡར་ས་རེད།”ཅེས་བརྗོད་ཡོད།

ལིན་ཆི་ལིའི་བྱ་སྐད་སྟེང་གི་ཟིན་བྲིས་ཀྱི་འདྲ་པར།

འདི་ནི་ཁྲིམས་རྩོད་པས་གོང་གཏུག་གི་འགྲོ་ལུགས་རྒྱུན་འཁྱོངས་ཀྱིས་བཀྲ་ཤིས་དབང་ཕྱུག་ལ་ཐུག་རྒྱུར་འབད་བརྩོན་གནང་བ་ཐེངས་གསུམ་པ་དེ་ཆགས་ཡོད། ན་ནིང་ཕྱི་ཟླ་༨ ནང་ཁྲིམས་རྩོད་པར་བཀྲ་ཤིས་དབང་ཕྱུག་ལ་མ་ཐུག་སྔོན་ལ་པེ་ཅིན་ཁྲིམས་འཛིན་ལས་ཁུངས་ཀྱི་ངོས་སྦྱོར་༼བཀའ་ཡིག༽དགོས་ལུགས་བཤད་ཅིང་། ཡིག་ཆ་དེ་དག་དགོས་ལུགས་བཤད་པ་ནི་ཁྲིམས་འགལ་ཡིན་པར་མ་ཟད། དེ་ནི་གོང་གཏུག་ལ་འགོག་རྐྱེན་བཟོ་བར་དམིགས་པ་གསལ་བོ་རེད།

གཞན་ཡང་ན་ནིང་ཕྱི་ཟླ་༡ ནང་ཁྲིམས་རྩོད་པར། དེ་ནི་ཚོར་ཤུགས་སྐྱེན་པའི་གནད་དོན་ཡིན་པས། གོང་རིམ་གྱི་ཆོག་མཆན་དགོས་ལུགས་བཤད་ནས། ཁྲིམས་རྩོད་པ་བཀྲ་ཤིས་དབང་ཕྱུག་ལ་ཐུག་བཅུག་མེད་པ་རེད།

མཐའ་མར་བཀྲ་ཤིས་དབང་ཕྱུག་གི་གོང་གཏུག་འགོག་ཐབས་སུ་ཏོག་དབྱིབས་ནད་དུག་ལ་ཁ་གཡར་བ་ནི་རྦད་དེ་ཡིད་ཆེས་ཐབས་མེད་པ་ཞིག་སྟེ། ཏོག་དབྱིབས་ནད་དུག་གི་མཆེད་ཁུངས་ཝུ་ཧན་གཙོས་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་གི་བཀག་རྒྱ་གློད་པའི་གནས་ཚུལ་བསྒྲགས་ཟིན་པ་རེད།

འདི་ག་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས་བརྗོད་དོན། “ང་ཚོའི་ངོས་ནས། རྒྱ་གཞུང་གིས་ཁྲིམས་འགལ་གྱིས་དུས་འགྱང་གཏོང་ཐབས་ཀྱི་གཡོ་སྒྱུ་མཚམས་བཞག་ནས། བཀྲ་ཤིས་དབང་ཕྱུག་ཁོ་རང་གི་ཁྲིམས་རྩོད་པར་ཐུག་འཕྲད་བྱེད་དུ་འཇུག་པའི་དགོས་འདུན་འདོན་གྱི་ཡོད་ལ། རྒྱ་གཞུང་གིས་ཁྲིམས་རྩོད་པའི་ཐུག་འཕྲད་ཀྱི་རེ་ཞུ་ཚང་མར་དང་ལེན་མ་བྱས་པ་དེ་ནི། རྒྱ་གཞུང་རང་གི་ཁྲིམས་རྩོད་པའི་བཅའ་ཁྲིམས་དང་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ནང་གསལ་གྱི་འབྲེལ་ཡོད་ཁྲིམས་ལུགས་ཀྱི་ཆ་རྐྱེན་ཁག་རྩིས་མེད་བརྡལ་བཤིག་བཏང་བ་རེད།”

འགན་འཛིན་ཚེ་རིང་མཚོ་མོས་མུ་མཐུད་དུ། “ང་ཚོའི་ངོས་ནས། རྒྱ་གཞུང་གིས་ཁྲིམས་འགལ་གྱིས་དུས་འགྱང་གཏོང་ཐབས་ལ་བརྟེན་ནས། རྒྱ་གཞུང་གི་གཡོ་སྒྱུའི་དམིགས་ཡུལ་གཉིས་འགྲུབ་སྲིད་པ་དེ། དེ་ནི་གོང་གཏུག་གི་འགྲོ་ལུགས་མ་འགྲུབ་སྔོན་ལ་བཙན་གྱིས་བཀྲ་ཤིས་དབང་ཕྱུག་གི་དུས་བཀག་བཙོན་འཇུག་གི་དུས་ཡུན་ཚང་དུ་འཇུག་སྲིད་པ་དང་། དུས་མཚུངས་སུ“ཁྲིམས་སྐྱོང”གི་གཡོ་རྫུ་རྒྱུན་འཁྱོང་བྱེད་ངེས།” ཅེས་དང་། “འོན་ཀྱང་ཡང་ནས་བསྐྱར་དུ་ཁྲིམས་རྩོད་པའི་ཐུག་འཕྲད་ངོས་ལེན་མི་བྱེད་པ་དེས། རྒྱ་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལ་བཀལ་བའི་ཁྲིམས་ཆད་ནི་དྲང་བདེན་མིན་པ་གསལ་བོར་བསྟན་ཡོད་པ་རེད།” ཅེས་བརྗོད་ཡོད།