རྒྱ་གཞུང་གིས་ཆོས་ལུགས་ལ་དམ་དྲག་རྒྱ་ཆེར་བྱས་པར་ངོ་རྒོལ་ཆེད་མཚམས་ལ་བཞུགས་པའི་དགེ་འདུན་པ་ཞིག་གིས་རང་སྲོག་བཅད་འདུག 

ཉེ་དུས་བོད་མདོ་སྨད་ཕྱོགས་ཀྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་དམར་ཤོག་དྲུང་ཆེ་གཞོན་པ་ཡཱང་ཝུ་ཟེར་བའི་བཀོད་ཁྱབ་འོག་ཁུལ་དེའི་དགོན་སྡེའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་སྔར་ལས་ལྷག་གི་དམ་དྲག་རྒྱ་ཆེར་བྱས་འདུག་ཅིང་དད་ལྡན་དམངས་ཚོགས་དང་དགེ་འདུན་པ།  མཚམས་པ་སོགས་ལ་སུན་བཙེར་སྣ་མང་བྱས་པར་བརྟེན་ཕྱི་ཟླ་ལྔ་པའི་ནང་དུ་གཙོས་གྲོང་ཁྱེར་གྱི་ཁྱབ་ཁོངས་ཁ་གྱ་ཡུལ་ཚོ་ནས་ཡིན་པའི་དགེ་འདུན་པ་ཞིག་གིས་ངོ་རྒོལ་གནང་སྟེ་༧གོང་ས་མཆོག་གི་སྐུ་པར་གྱི་མདུན་དུ་རང་སྲོག་བཅད་པའི་གནས་ཚུལ་ཐོན་འདུག་ཅིང་བཙན་བྱོལ་བོད་མིའི་གསར་ཁང་རེ་འགའི་ནང་ཁོང་ཉིད་ཀྱིས་རང་ལུས་མེར་བསྲེག་གནང་སྟེ་འདས་གྲོངས་སུ་གྱུར་ཡོད་ཚུལ་འཁོད་འདུག
རྒྱ་ནག་གཞུང་གིས་གནས་ཚུལ་དེའི་ཐད་ཧ་ཅང་གསང་དང་དམ་དྲག་རྒྱ་ཆེར་བྱེད་བཞིན་ཡོད་པར་བརྟེན་དགེ་འདུན་པ་ཁོང་གི་མཚན་དང་རང་སྲོག་བཅད་པའི་ཚེས་གྲངས་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མི་ཐུབ་པ་གྱུར་འདུག
བཙན་བྱོལ་བོད་མིའི་གསར་ལམ་ཁག་གི་སྤེལ་བའི་གནས་ཚུལ་ལྟར་ན་དགེ་འདུན་ཁོང་པ་འདས་གྲོངས་སོང་བའི་རྗེས་སུ་རྒྱ་ནག་ཏུ་ལས་ཀ་བྱེད་བཞིན་པའི་ཁོང་གི་འབྲེལ་ཡོད་ནང་མི་གཅིག་ཕྱིར་ཕ་ཡུལ་དུ་ལོག་ཀྱང་རྒྱ་ནག་གཞུང་གིས་གནས་ཚུལ་དེར་གསང་རྒྱ་བྱ་རྒྱུའི་ཆེད་དུ་ཏོག་དབྱིབས་རིམས་ནད་སྔོན་འགོག་བྱ་བར་ཁ་གཡར་ནས་ཉེ་འབྲེལ་དེ་དང་ནང་མི་གཞན་རྣམས་གཙོས་གྲོང་ཁྱེར་དུ་ཁྲིད་དེ་གསལ་རྟོགས་མི་ཐུབ་པའི་ས་གནས་ཤིག་ཏུ་བཀག་སྐྱིལ་བྱས་པ་འཁོད་འདུག
༧གོང་ས་མཆོག་གི་སྐུ་པར་ལ་དམ་དྲ
དགེ་འདུན་པ་ཁོང་གིས་༧གོང་ས་མཆོག་གི་སྐུ་པར་གྱི་མདུན་དུ་རང་སྲོག་བཅད་པ་དེའང་གནད་འགག་ཆེན་པོ་ཞིག་ཡིན།  ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་ཀན་ལྷོ་ཁུལ་དུ་“ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པའི་སྐུ་པར་གཙང་སེལ་”ཞེས་པའི་ལས་འགུལ་རྒྱ་ཆེར་སྤེལ་ཏེ་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱེད་པར་སྔར་ལས་ལྷག་པའི་དམ་དྲག་ཆེས་ཆེར་བྱས་ཡོད།  ལས་འགུལ་དེ་ནི་ཀན་ལྷོ་ཁུལ་གྱི་གྲོང་སྡེ་བརྒྱ་ཕྲག་མང་པོའི་ནང་སྤེལ་འདུག་ཅིང་དེའི་ཁྲོད་དུ་༧གོང་ས་མཆོག་གི་སྐུ་པར་རྩ་མེད་བཟོས་ཏེ་དེའི་ཚབ་ཏུ་རྒྱ་ནག་གི་དཔོན་རིགས་མའོ་ཙེ་ཏུང་དང་ཞི་ཅིན་ཕིང་སོགས་ཀྱི་འདྲ་པར་སྒྲིག་གཤོམ་བྱེད་བཅུགས་ཡོད་འདུག
ལས་འགུལ་དེའི་རྒྱུན་མཐུད་དེ་“རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས།  ཏཱ་ལའི་རུ་ཚོགས་དང་ཆོས་ལུགས་ཐལ་སྤྱོད་པར་མཐའ་གཅིག་ཏུ་ངོ་རྒོལ་”ཟེར་བ་སོགས་ཀྱི་མིང་བྱང་འོག་ཆབ་སྲིད་ཀྱི་སློབ་གསོ་སྤེལ་བའི་ལས་འགུལ་རབ་དང་རིམ་པ་སྤེལ་ནས་བོད་མི་རྣམས་ཀྱི་ཆོས་ལུགས་དད་མོས་དང་བསམ་བློའི་རང་དབང་སོགས་ལ་ཚད་ལས་བརྒལ་བའི་རྡོག་རོལ་བཏང་འདུག
ཝང་དབྱང་གི་ཀན་ལྷོར་ལྟ་སྐོར།
Wang Yang talks to monks at Taktsang Lhamo monastery (Langmusi) on 24 May in Luchu (Ch: Luqu) County in Kanlho. Photo: Liu Weibing/Xinhua News Agency
ཉེ་ལམ་ཀན་ལྷོ་ཁུལ་གྱི་དམ་དྲག་གི་ཚད་གཞི་སྔར་ལས་ཀྱང་ཇེ་ཆེར་སོང་བ་ནི་ཕྱི་ཟླ་ལྔ་པའི་ཚེས་ ༢༣ ནས་ ༢༥ བར་རྒྱ་ནག་གི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་གཙོ།  ཤིན་ཅང་ལས་དོན་མཐུན་སྦྱོར་རུ་ཁག་གི་ཚོགས་གཙོ་ཝང་དབྱང་ཁུལ་དེར་ལྟ་སྐོར་དུ་ཡོང་བ་དང་འབྲེལ་བ་ཆགས་ཡོད།
རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་ནང་དུ་ཝང་དབྱང་གིས་ཀན་ལྷོ་ཁུལ་གྱི་སློབ་གྲྭ་དང་དགོན་སྡེ་ཁག  ཞིང་འབྲོག་ཁུལ་བཅས་སུ་ལྟ་སྐོར་བྱས་ཏེ་“སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་རླིང་”ཡོང་བའི་ཆེད་དུ་“གུང་ཁྲན་ཏང་གི་མི་རིགས་དང་ཆོས་ལུགས་ལས་དོན་ཐད་ཀྱི་སྲིད་ཇུས་”སྔར་ལྷག་ལག་ལེན་དོན་འཁྱོལ་ཡོང་བར་སྐུལ་འདེད་བྱས་ཚུལ་འཁོད་འདུག་པ་མ་ཟད་ཁོས་“ཁ་བྲལ་ལ་མཐའ་གཅིག་ཏུ་ངོ་རྒོལ་”དང་“རྒྱལ་ཁབ་བདེ་འཇགས་ཀྱི་ཟངས་གྱང་བརྟན་པོར་འཛུགས་དགོས་པ་” “རྒྱའི་སྤྱི་སྐད་ཁྱབ་སྤེལ་ལ་ཤུགས་སྣོན་བརྒྱག་དགོས་པ་” “བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བའི་ཕྱོགས་ལ་ཤུགས་སྣོན་བརྒྱག་དགོས་པ་” “ཆོས་ལུགས་ལས་དོན་ཁྲིམས་ལྟར་དོ་དམ་བྱེད་པར་ཤུགས་སྣོན་བརྒྱག་དགོས་པ་” “བོད་ཀྱི་དགོན་སྡེའི་ལམ་ལུགས་སྤྱི་ཚོགས་རིང་ལུགས་དང་མཐུན་པར་དོ་དམ་བྱེད་ཕྱོགས་”སོགས་ལ་ཤུགས་སྣོན་བརྒྱག་དགོས་པ་སོགས་གཙོ་འདོན་བྱས་རབས་འཁོད་འདུག
ཉེ་ལམ་རང་སྲོག་བཅད་པའི་དགེ་འདུན་པ་ཁོང་ལ་མཚོན་ན་ཕྱི་རོལ་ཟང་ཟིང་གི་སྤྱི་ཚོགས་དང་རིང་དུ་གནས་པའི་མཚམས་པ་ཞིག་ཡིན་ནའང་རྒྱ་ནག་གཞུང་གིས་སུན་བཙེར་ཚོད་མེད་མྱོང་དགོས་འཁེལ་གྱི་ཡོད་པར་བརྟེན་འུ་ཐུག་ཐབས་ཟད་དེ་མཐར་རང་གི་སྲོག་ཀྱང་གཅོད་དགོས་པའི་ཚད་དུ་ལྷུང་ཡོད།  ཛ་དྲག་ཅན་གྱི་གནས་ཚུལ་འདིས་རྒྱ་ནག་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་མང་དག་ཅིག་གི་འོག་ནས་བོད་ནང་གི་བོད་མི་ཚོའི་ཆོས་ལུགས་རང་མོས་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་གང་འདྲ་ཞིག་ཏུ་ལྷུང་ཡོད་པ་གསལ་པོ་མཚོན་ཐུབ་པ་ཡིན།
Kanlho prefecture party secretary Yu Chenghui. Photo: Gannan People’s Government website
དེར་བརྟེན།  འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ་ཡུ་ཆན་གྷུ་དང་དྲུང་ཆེ་གཞོན་པ་ཡང་ཝུ་གཉིས་ཀས་གནད་དོན་འདིའི་ཐད་འགན་ཁུར་ནན་པོ་བྱ་དགོས་པ་མ་ཟད་དགེ་འདུན་པ་ཁོང་གི་འདས་རྐྱེན་དང་སྐབས་དེའི་གནས་བབ་གང་ཅིའི་ཐད་ཕྱི་གསལ་ནང་གསལ་གྱི་དཔྱད་ཞིབ་བྱས་ཏེ་གནས་ཚུལ་གསལ་འདོན་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
ལྷག་པར་དུ་ཀན་ལྷོ་སོགས་བོད་ཡུལ་སྤྱི་ལ་“བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བ་”ཟེར་བ་སོགས་ཀྱི་མིང་ཐོག་ནས་འདི་ལྟར་འགྲོ་བ་མིའི་ཐོབ་ཐང་ལས་ཡོངས་སུ་བརྒལ་བའི་ལས་འགུལ་མང་དག་ཅིག་སྤེལ་བཞིན་པ་འཕྲལ་དུ་མཚམས་འཇོག་བྱས་ཏེ་བོད་མི་ཚོའི་ཆོས་དད་རང་དབང་སོགས་ལ་ངེས་པར་དུ་བརྩི་སྲུང་བྱ་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།
English