19/11/2019

རྒྱ་གཞུང་གིས་ཆབ་སྲིད་ཀྱི་མནར་གཅོད་མཚམས་བཞག་སྟེ་གར་སོང་ཆ་མེད་བཟོས་པའི་དགེ་འདུན་པ་ཚོའི་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་དགོས།

  •   
  •  
  •  
  •  
  •  
  •  
  •  
བློ་བཟང་ཐབས་མཁས།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་དགེ་འདུན་པ་གསུམ་གང་བྱུང་བཀག་ཉར་བྱས་པ་དང་བཙན་གྱིས་གར་སོང་ཆ་མེད་བཟོས་པ། དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་པའི་གནས་ཚུལ་ངེས་པར་དུ་གསལ་བཤད་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་བཞིན་ཡོད་ལ། འདི་ག་ལྟེ་གནས་ཁང་གིས། རྒྱ་གཞུང་ནས་ཆོས་དད་དང་ཆབ་སྲིད་ཀྱི་ཉེས་འཛུགས་འོག་ཏུ་དགེ་འདུན་པ་དེ་དག་ལ་སྡུག་སྦྱོང་མནར་གཅོད་བཏང་བ་དང་། གང་བྱུང་བཀག་བསྐྱིལ་བཙོན་འཇུག་བྱས་པ་དེ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་དང་རྩ་འཛིན་ཁག་རྩིས་མེད་རྡོག་རོལ་བཏང་བར་ཡིད་ཆེས་བྱེད་ཀྱིན་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆིངས་གནས་རྒྱལ་ཁབ་ཡིན་པའི་ཆ་ནས། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་རྒྱལ་སྤྱིའི་ཁྲིམས་གཞི་རྩ་འཛིན་དེ་དག་ལ་བརྩི་འཇོག་དང་སྲུང་སྐྱོབ། ལག་བསྟར་བྱེད་པའི་འགན་ཡོད།

འདི་ལོའི་ཕྱི་ཟླ་༧ ཚེས་༣༠ ཉིན་རང་ལོ་༣༧ ཡིན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལ་མི་ལོ་༤ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། རྔ་བ་ཀིརྟི་དགོན་ནས་ཡིན་པའི་དགེ་འདུན་པ་ཁོང་ལོ་སྔོན་མ་ནས་རྒྱ་གཞུང་གིས་བཀག་བསྐྱིལ་བྱས་ཡོད་ནའང་། ཁོང་ག་དུས་བཀག་ཉར་བྱས་པ་དང་གནས་སྟངས་ཅི་འདྲ་ཡིན་མིན་ཤེས་རྟོགས་ཐུབ་མེད། དགེ་འདུན་པ་ཁོང་ནི་རྔ་བ་ལྷ་སྡེ་གོང་མའི་བློ་ཁོའི་བུ་ཡིན་པ་དང་། རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱས་སྐབས། ཁོང་ཀིརྟི་དགོན་མཚན་ཉིད་གྲྭ་ཚང་གི་དབུ་མའི་འཛིན་གྲྭར་སླེབས་ཡོད་པ་དང་། ཁོང་དེ་སྔོན་འཛུལ་ཞུགས་གནང་བའི་ནང་བསྟན་གཞོན་ནུའི་རིག་སློབ་ཁང་ནི་ཀིརྟི་དགོན་གྱི་ནང་བསྟན་སློབ་གླིང་ཡིན་པ་དང་། ཕྱི་ལོ་༢༠༠༣ ལོར་རྒྱ་གཞུང་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་བཙན་དང་དབང་གིས་སློབ་གྲྭ་དེའི་སྒོ་རྒྱག་ཏུ་བཅུག་ཡོད་པ་རེད།

གྲྭ་ཐུབ་པ།

གཞན་དགེ་འདུན་གཉིས་རྒྱ་གཞུང་གི་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་གང་སོང་ཆ་མེད་ཆགས་པའི་གྲས་ནས། རྔ་བ་སྤྲོ་ཚིགས་དགོན་གྱི་དགེ་འདུན་པ་ཐུབ་པ་ད་ལྟ་རང་ལོ་༣༢ ཡིན་ཞིང་། ཕྱི་ལོ་༢༠༡༧ ལོའི་ལོ་མཇུག་གི་མཚན་མོ་ཞིག་ལ་རྒྱ་གཞུང་ས་གནས་ཉེན་རྟོག་པས་ཁོང་རང་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་པ་ནས་བཟུང་གར་སོང་ཆ་མེད་ཀྱི་གནས་སྟངས་ཆགས་ཡོད། ཁོང་ནི་སྤྲོ་ཚིགས་ཐང་བ་མའི་མགར་བ་ཚང་གི་ཡིན་པ་དང་། དེ་སྔོན་ཕྱི་ལོ་༢༠༠༨ ཟླ་༣ ཚེས་༡༦ ཉིན་ཁོང་གིས་སྤྲོ་ཚིགས་ཡུལ་ཚོའི་ཐོག་ཞི་རྒོལ་སྐད་འབོད་དང་རྒྱ་གཞུང་གི་དར་དམར་མེར་སྲེག་བཏང་བའི་ཉེས་འཛུགས་འོག་དུས་ཡུན་ཟླ་བ་༡༨ རིང་ངལ་རྩོལ་བསྒྱུར་བཀོལ་གྱི་མིང་ཐོག་ནས་བཙོན་འཇུག་བྱས་མྱོང་བ་དང་། ཁོང་གི་ཕ་རྒན་སྐལ་བཟང་༼མགོན་དཀར་ཞེས་ཀྱང་འབོད།༽ ཡང་ཕྱི་ལོ་༢༠༡༡ ཟླ་༣ ཚེས་༡༦ ཉིན་ཞི་རྒོལ་སྐད་འབོད་བྱས་པའི་ཉེས་འཛུགས་འོག་འཛིན་བཟུང་གིས་བཙོན་འཇུག་བྱས་མྱོང་འདུག

གྲྭ་བློ་བཟང་རྡོ་རྗེ།

ཀིརྟི་དགོན་གྱི་དགེ་འདུན་པ་བློ་བཟང་རྡོ་རྗེ་ད་ལྟ་རང་ལོ་༣༦ ཡིན་ཞིང་། ཕྱི་ལོ་༢༠༡༨ ཟླ་༨ པའི་མཚན་མོ་ཞིག་ལ་རྒྱ་གཞུང་གི་ཉེན་རྟོག་པས་རང་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་རྗེས། ད་བར་དུ་ཁོང་གར་ཁྱེར་ཅི་བྱས་ཀྱི་གནས་ཚུལ་ཅི་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད། ཁོང་ནི་རྔ་བ་རྫོང་ཕྱུགས་ལས་འགབ་མའི་ཕ་སངས་རིས་ཀྱི་བུ་ཡིན་པ་དང་། དེ་སྔོན་ཕྱི་ལོ་༢༠༡༡ ལོར་ཡང་རྒྱ་གཞུང་གིས་ཁོང་འཛིན་བཟུང་གིས་མི་ལོ་༣ གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་མྱོང་ཡོད་པ་རེད།