26/11/2020

རྒྱ་གཞུང་གིས་ངེས་པར་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་འགན་དུ་སྲུང་བའི་རྒྱལ་སྤྱིའི་ཁྲིམས་ཡིག་རྩ་འཛིན་ལ་བརྩི་འཇོག་བྱེད་དགོས། བོད་དོན་ལས་འགུལ་བ་རང་བཙན་རྡོ་རྗེ།

  •   
  •  
  •  
  •  
  •  
  •  
  •  

གཟའ་འཁོར་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་དངོས་མིང་ལ་རྡོ་རྗེ་བཀྲ་ཤིས་དང་སྨྱུག་མིང་ལ་རང་བཙན་རྡོ་རྗེ་ནི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་ཞིག་རེད་ལ། ཁོང་ཞི་རྒོལ་ལས་འགུལ་མང་པོའི་ནང་མཉམ་ཞུགས་གནང་བ་དང་། ཕྱི་ལོ་༢༠༡༣ ལོར་མངོན་གསལ་དོད་པོར་སོ་སོའི་བསམ་བརྗོད་རང་དབང་ལོངས་སུ་སྤྱོད་པར་བརྟེན་ནས་ཁོང་འཛིན་བཟུང་ཐེབས་པ་རེད།

“རྒྱ་གཞུང་གི་འགོ་ཁྲིད་རྒྱ་གར་དུ་ཡོང་བར་ཞི་རྒོལ་བྱས་པར་བརྟེན་ནས་ང་ལྡི་ལིའི་ཊེ་ཧར་བཙོན་ཁང་ནང་བཅུག་པ་རེད། གློད་གྲོལ་བཏང་སྐབས། བོད་ནང་དུ་ངའི་ཨ་ཕ་ཚེ་ལས་འདས་པའི་གནས་ཚུལ་འབྱོར་སོང་། སླད་ཕྱིན་ཕ་མ་གཉིས་ལ་ངོ་ཐུག་པའི་གོ་སྐབས་གཞར་ཡང་མེད་པས། སྐབས་དེའི་སྡུག་བསྔལ་ངས་ནམ་ཡང་བརྗེད་མི་སྲིད།

རང་བཙན་རྡོ་རྗེ་ནི་ལྡི་ལི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པ་དང་འདས་པའི་ལོ་མང་རིང་ཁོང་གིས་སྤྱི་ཚོགས་ཞབས་ཞུ་སྒྲུབ་མྱོང་མཁན་ཞིག་རེད།

“ང་ཚོས་ཞི་རྒོལ་བྱེད་དོན། རྒྱ་ནག་དམར་ཤོག་སྲིད་གཞུང་གི་གཉའ་འོག་ཏུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་བའི་རྒྱལ་སྤྱིའི་ཁྲིམས་ཡིག་རྩ་འཛིན་ཁག་རྩིས་མེད་དང་བོད་མིའི་དྲང་བདེན་རྡོག་རོལ་བཏང་བ་རེད། ཕྱི་ལོ་༢༠༠༨ ལོའི་ཞི་རྒོལ་སྐབས་སུ། རྒྱ་རིགས་དབང་འཛིན་པ་ཚོས་ངའི་ཕུ་བོ་འཛིན་བཟུང་གིས་མནར་གཅོད་ཐེངས་འགར་བཏང་བ་དང་། རྒྱ་གཞུང་གི་དབང་འཛིན་པ་ཚོས་ངའི་ཕུ་བོ་ནང་བཞིན་རང་སྲེག་ཞི་རྒོལ་གནང་མཁན་ཚོར་སྡུག་སྦྱོང་མནར་གཅོད་བཏང་བ་རེད། ང་ཚོས་ཞི་རྒོལ་བྱེད་དོན། རྒྱ་གཞུང་གིས་ང་ཚོའི་མི་མང་གི་དྲང་བདེན་རྡོག་རོལ་བཏང་བ་དང་། བོད་རང་བཙན་རྒྱལ་ཁབ་ཡིན་པ། ང་ཚོའི་མི་མང་ལ་སོ་སོའི་ཐོབ་ཐང་ལོངས་སུ་སྤྱོད་དབང་ཙམ་ཡང་མེད་པ་བཅས་འཛམ་གླིང་མི་མང་ནས་ཤེས་རྟོགས་ཡོང་བའི་ཆེད་དུ་ཡིན།”

རང་བཙན་རྡོ་རྗེ་ཐེངས་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་ཀྱིས་རྒྱ་གཞུང་ལ་འབོད་སྐུལ་གནང་དོན།

༡༽ ཞི་བའི་འདུ་འཛོམ་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་རྩ་འཛིན་དང་འགལ་བའི་རྒྱ་གཞུང་གི་ལག་བསྟར་སྲིད་ཇུས་ཁག་མྱུར་དུ་མཚམས་འཇོག་དགོས།

༢༽ ཞི་རྒོལ་བར་བཙན་དབང་གིས་དྲག་གནོན་དང་བཀག་བསྐྱིལ་བྱེད་ཐབས་ཀྱི་སྲིད་ཇུས་མེད་པར་བཟོ་དགོས།

༣༽ ཞི་རྒོལ་བ་གང་བྱུང་བཀག་ཉར་དང་མནར་གཅོད་གཏོང་མཁན་སྲིད་གཞུང་གི་དཔོན་རིགས་ཚོར་ཉེས་ཆད་འགེལ་དགོས།

༤༽ བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་དང་། སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་གཉིས་ལ་ལག་བསྟར་ཆོག་མཆན་འགོད་དགོས།

༥༽ ཞི་བའི་འདུ་འཛོམ་དང་ཚོགས་འཛུགས་རང་དབང་གི་ཐོབ་ཐང་ཐད་ཀྱི་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་གདད་ཞུ་ཞུས་ནས། ད་ལྟའི་བོད་ནང་གི་ཞི་བའི་འདུ་འཛོམ་རང་དབང་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་རྒྱུས་ལོན་བྱེད་དུ་འཇུག་དགོས།

ཕྱི་ཟླ་༥ ཚེས་༣ ཉིན་ནས་འདི་ག་ལྟེ་གནས་ཁང་གིས་ཞི་རྒོལ་ཐོབ་ཐང་གི་ལས་འགུལ་འགོ་བཙུགས་ཏེ། བོད་མིའི་ཞི་རྒོལ་སྙིང་སྟོབས་དང་སེམས་ཤུགས་བཅས་མཚོན་པའི་བྱུང་རིམ་ལོ་རྒྱུས་འགྲེམ་སྤེལ་གྱིས། ད་ཆར་རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་གི་གོ་སྐབས་བེད་སྤྱད་ནས། བོད་ནང་དུ་ཞི་བའི་ཐོག་ནས་འདོད་མོས་མེད་པའི་རྣམ་འགྱུར་ཇི་འདྲ་ཞིག་བསྟན་ནའང་། དེ་ལ་ཚབས་ཆེའི་དྲག་གནོན་དང་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་སྦེད་ཐབས་ཀྱི་སྒྲིབ་གཡོག་བཤུས་ཏེ། བོད་མིའི་སྨྲ་བརྗོད་རང་དབང་གསལ་འདོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

འདི་ལོའི་ཕྱི་ཟླ་༡༢ ཚེས་༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་བར་དུ། ཐེངས་འདིའི་ལས་འགུལ་བརྒྱུད་བོད་དོན་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་མི་སྣ་༣༠ ཡི་རེ་འདུན་དང་བློ་སྤོབས། ཞི་རྒོལ་བཅས་ཀྱི་གནས་ཚུལ་རིམ་པར་སྤེལ་འཆར་ཡོད།

Select Language