15/10/2019
21 °C Dharmsala, IN

རྒྱ་གཞུང་གིས་གར་སོང་ཆ་མེད་བཟོས་པའི་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་སྣང་མེད་བཏང་སྟེ་རྒྱ་ནག་གི་པཎ་ཆེན་རྒྱལ་མཚན་ནོར་བུ་བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་བསྐོས་འདུག

  •   
  •  
  •  
  •  
  •  
  •  
  •  
རྒྱ་གཞུང་གིས་གར་སོང་ཆ་མེད་བཟོས་པའི་དགེ་འདུན་ཆོས་ཀྱི་ཉི་མ་མཆོག

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་ཐུགས་ཐག་བཅད་བའི་༸ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་རྩིས་མེད་བཙོན་འཇུག་བྱས་ཏེ། རྒྱ་ནག་དམར་ཤོག་སྲིད་གཞུང་གི་པཎ་ཆེན་རྒྱལ་མཚན་ནོར་བུ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཡན་ལག་བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་བསྐོས་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་༦ ཚེས་༢༢ ཉིན་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་ཡང་ཅེ་(Wu Yingjie)གསར་དུ་བསྐོ་བཞག་བྱས་པའི་ཚོགས་མི་ཚོར་ཐུག་འཕྲད་བྱས་ཡོད་པ་དང་། བོད་ལྗོངས་ནང་བསྟན་མཐུན་ཚོགས་ནི་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་སྟངས་འཛིན་འོག་ཏུ་ཡོད་པའི་ཡན་ལག་མཐུན་ཚོགས་ཡིན་པ་རེད།

ཚོགས་མི་གསར་བར་གཏམ་བཤད་སྐབས་སུ། ཝུ་ཡང་ཅེས། རྒྱ་གཞུང་གི་ཆོས་ལུགས་སྲིད་ཇུས་ཀྱི་གལ་གནད་ཁག་གསལ་འདོན་བྱས་ཏེ། “ཏང་གི་རྗེས་སུ་འབྲང་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ། དར་ཆ་གསལ་སྟོན་ངང་ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་པ་དང་མངའ་ཁོངས་ཕྱི་རོལ་གྱིས་ཆོས་ལུགས་བེད་སྤྱད་དེ་སིམ་འཛུལ་བྱ་བར་འགོག་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས”ལུགས་བཤད་འདུག

ལྷ་མེད་སྨྲ་བ་དམར་ཤོག་སྲིད་གཞུང་གིས་དུས་ཡུན་རིང་བོར་ཆོས་ལུགས་ལ་གཞི་རྒྱ་ཆེ་བའི་སྟངས་འཛིན་དང་དོ་དམ་ཤུགས་ཆེན་བྱས་པ་དང་། ཆོས་ལུགས་རང་དབང་གི་སྲོལ་ཡིག་ནང་དུ་ཡང་ཆ་རྐྱེན་མང་པོ་བཏོན་ཡོད། རྒྱ་གཞུང་གི་མགོ་རྙོག་དྲན་འཁྲུལ་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག་དང་དེའི་ནང་འཁོད་ཀྱི་ཆ་རྐྱེན་དེ་དག་གི་ཐོག་ནས། ཆོས་ལུགས་ལ་ལོག་འགྲེལ་བྱ་ཐབས་དང་ཆབ་སྲིད་ཀྱི་དགོས་དམིགས་སྒྲུབ་ཐབས། ཆོས་ལུགས་བྱེད་སྒོའི་རིགས་ཚང་མ་དོགས་གཞི་དང་ཁྲིམས་འགལ་གྱི་ངོ་བོར་བསྒྱུར་ཐབས་ཀྱི་སྲིད་ཇུས་གཏན་འབེབས་བྱས་ཡོད་པ་རེད། རྒྱ་ནག་དབུས་གཞུང་གི་ཆོས་ལུགས་ལས་དོན་ཁང་དང་ནང་བསྟན་མཐུན་ཚོགས་སོགས། ཚོགས་པ་སྒྲིག་འཛུགས་གང་དང་གང་ཡིན་ཡང་། དེ་དག་ནི་དམར་ཤོག་སྲིད་གཞུང་གི་ཆོས་ལུགས་སྲིད་ཇུས་དང་བསྟུན་ནས་ཆོས་ལུགས་འཆད་འཁྲིད་དང་ཆོས་ལུགས་ལ་ལོག་འགྲེལ་བྱེད་མཁན་རྒྱ་ནག་དབུས་སྲིད་གཞུང་གི་ལས་ཁུངས་འབའ་ཞིག་ཡིན་པ་རེད། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་བོད་ནང་དུ་ནང་བསྟན་སློབ་གླིང་དང་སློབ་ཆེན་མང་པོ་གསར་འཛུགས་བྱས་ཏེ་གྲྭ་བཙུན་དང་བླ་སྤྲུལ་ཚོར་རྒྱལ་གཅེས་སློབ་གསོ་སྤྲོད་བཞིན་ཡོད་པ་རེད།

ཀྲུང་གོ་ནང་བསྟན་མཐུན་ཚོགས་ནི་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་སྟངས་འཛིན་འོག་གི་རྒྱལ་གཅེས་སློབ་གསོ་སྤེལ་མཁན་གྱི་སྒྲིག་འཛུགས་ཤིག་ཡིན་པ་དང་། ཕྱི་ལོ་༡༩༥༣ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་བཙུགས་པ་རེད། མཐུན་ཚོགས་དེའི་ཚོགས་མི་ཚང་མ་ཆོས་ལུགས་ཀྱི་གནད་ཡོད་མི་སྣ་དང་ནང་བསྟན་གྱི་ཆེད་མཁས་པ་ཤ་སྟག་རེད། ཁོ་ཚོའི་ལས་འགན་གཙོ་བོ་ནི་གཞི་རིམ་གྱི་ཆོས་ལུགས་སྡེ་ཁག་ཏུ་དམར་ཤོག་ཚོགས་པའི་སྲིད་ཇུས་སྒྲོག་འགྲེལ་བྱ་རྒྱུ་དང་། ཆོས་ལུགས་དང་འབྲེལ་བའི་མང་ཚོགས་ཀྱི་བསམ་བློ་འཁྱེར་ཕྱོགས་ཀྱི་གནས་ཚུལ་ཁག་རྒྱ་ནག་དབུས་སྲིད་གཞུང་ལ་སྙན་སེང་ཞུ་རྒྱུ་དེ་རེད། ཕྱི་ལོ་༡༩༥༧ ལོར་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་རྒྱ་ནག་ས་གནས་སྲིད་གཞུང་རིམ་པར་ཡན་ལག་ཁག་བཙུགས་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་ཆོས་ལུགས་ལས་དོན་ཁང་གཉིས་ཀྱི་ཚོགས་མི་ཚང་མ་ཆོས་ལུགས་དང་སྲིད་དབང་སྒེར་གཅོད་མི་སྣ་ཁ་ཅིག་ཡིན་པ་དང་། ཁོ་ཚོས་རྩ་འཛུགས་མང་པོ་གསར་འཛུགས་བྱས་ཏེ་དམར་ཤོག་ཚོགས་པའི་ཆོས་ལུགས་སྲིད་ཇུས་ལ་མོས་མཐུན་དང་ལག་ལེན་བསྟར་གྱི་ཡོད། རྒྱ་གཞུང་གིས་བོད་མིའི་ཆོས་སྡེ་མང་པོ་རིག་གཞུང་དང་ཡུལ་སྐོར་ལྗོངས་རྒྱུའི་བསྟི་གནས་སུ་འཛུགས་སྐྲུན་བྱས་ཏེ། རིམ་གྱིས་ནང་བའི་གནས་ཆེན་ཁག་ཚང་མ་ཚོང་སྒྱུར་བྱས་ཡོད།

རྒྱལ་མཚན་ནོར་བུ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཡན་ལག་བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་བསྐོ་བཞག་བྱས་པ་དེ་ནི། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་བཀོད་ཇུས་འོག་ཏུ་གཞི་རིམ་གྱི་རྒྱ་ནག་ས་གནས་སྲིད་གཞུང་རིམ་པའི་ཆོས་ལུགས་ལས་དོན་ལ་སྟངས་འཛིན་ཤུགས་ཆེར་གཏོང་ཐབས་ཤིག་ཡིན་པ་དང་། དམར་ཤོག་ཚོགས་པས་སླར་ཡང་གོང་རིམ་ནས་གཞི་རིམ་བར་དུ་སྲིད་དབང་གཅིག་སྡུད་དང་སྒེར་གཅོད་བྱ་ཐབས་སུ། ན་ནིང་ནས་བཟུང་རྒྱ་གཞུང་གིས་འཐབ་ཕྱོགས་གཅིག་གྱུར་ཁང་ནས་ཆོས་དད་མང་ཚོགས་དང་དམར་ཤོག་ཚོགས་པའི་དབར་གྱི་འབྲེལ་ལམ་ལ་དོ་དམ་བྱ་བའི་དབང་ཆ་ཆེན་པོ་སྤྲད་ཡོད ། ཕྱི་ལོ་༡༩༤༠ གནས་སྟངས་ནང་བཞིན། ད་ལྟ་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གིས་མི་རིགས་ཆོས་ལུགས་ལས་དོན་ཁང་ལ་སྟངས་འཛིན་བྱས་ཡོད་པ་རེད།

ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་ཚོད་རྩིས་ལྟར་ན་རྒྱ་ནག་ནང་དུ་ནང་པ་ས་ཡ་༢༤༥ ཙམ་ཟིན་པའི་གྲས་སུ། སྤྱི་དམངས་ཀྱི་གྲངས་འབོར་བརྒྱ་ཆ་༡༨ དང་། རྒྱ་རིགས་ཆོས་དད་མང་གིས་བརྒྱ་ཆ་༢༡ ཟིན་པ་དང་། དེ་དག་ཚང་མ་ནང་པའི་དད་ལྡན་མང་ཚོགས་ནང་མཉམ་བསྲེས་བྱས་ཡོད་པ་གསལ་འདུག ནང་བསྟན་ཆོས་ལུགས་དར་ཁྱབ་ཆེན་པོ་བྱུང་བ་དང་། བོད་ཀྱི་བླ་སྤྲུལ་ཚོར་རྒྱ་རིགས་ནང་བསྟན་སློབ་མ་མང་པོ་འབྱུང་མུས་ཡིན་པ་རེད། རྒྱ་རིགས་ནང་པ་མང་པོ་ཞིག་ལ་དགོས་ངེས་ཀྱི་ཡིག་ཆ་སྣ་ཚོགས་མ་རག་པའི་དཀའ་ཁག་འོག་ཏུ་ཁོ་ཚོས་དྲ་ལམ་བརྒྱུད་ནས་སོ་སོའི་ཆོས་ལུགས་དར་སྤེལ་གཏོང་གི་ཡོད་པ་དང་། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་མང་ཚོགས་ཀྱི་ཆོས་ལུགས་དད་མོས་ལ་དམ་དྲག་བྱེད་ཐབས་ཀྱི་ཆོས་ལུགས་སྲིད་ཇུས་དེ་དག་ལག་བསྟར་གྱིས་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་གཞུང་ལུགས་ཏེ། དམར་ཤོག་རིགས་ལུགས་ཀྱི་་སྲོག་ཤིང་རིན་ཐང་ལྟ་བ་དེ་དག་མང་ཚོགས་ནང་བཙན་སྤེལ་བྱས་པའི་འོག་ཏུ། ཆོས་དད་མང་ཚོགས་མང་པོ་ཞིག་ལ་རྒྱ་གཞུང་གི་ནག་མེད་ཉེས་འཛུགས་ཐེབས་ཀྱི་ཡོད་པ་རེད།

རྒྱ་ནག་མི་དམངས་སྲིད་གྲོས་ཀྱི་རྒྱུན་ལས་ཚོགས་མི་ཡིན་པའི་རྒྱལ་མཚན་ནོར་བུའི་གོ་གནས་སྤར་བ་དེ་ཡང་། རྒྱ་གཞུང་གིས་རྒྱལ་སྤྱིའི་སྟེང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་མཐོང་དང་དགའ་མོས་བྱེད་བཞིན་པར་ཁ་གཏད་བཅགས་ཏེ། རྒྱ་ནག་གི་པཎ་ཆེན་རྒྱལ་མཚན་ནོར་བུར་ཆེས་མཐོང་ཡོང་བར་འབད་བརྩོན་བྱས་པ་ཞིག་ཡིན་པ་དང་། ལྷག་པར་དུ་རྒྱལ་མཚན་ནོར་བུ་ཆབ་སྲིད་ཀྱི་ལག་ཆར་སྤྱད་དེ་ད་ལྟའི་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ལ་སྟངས་འཛིན་དང་གཡོ་ཇུས་འཐེན་ཐབས་ཤིག་ཀྱང་ཡིན་པ་རེད།

རྒྱ་གཞུང་གིས་རྒྱལ་མཚན་ནོར་བུའི་ཆེས་མཐོང་ཇེ་ཆེར་བཏང་ནས་རྒྱལ་སྤྱིའི་སྟེང་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མྱུར་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཁག་གྲགས་འགུལ་མེད་པར་བཟོ་ཐབས་བྱེད་ཀྱི་ཡོད་དང་། ཕྱི་ལོ་༡༩༩༥ ཟླ་༥ ནང་རྒྱ་གཞུང་གིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་ཐག་བཅད་པའི་༸ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གར་སོང་ཆ་མེད་བཟོས་ཡོད་ལ། སྐབས་དེ་ནས་བཟུང་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་ཡོད་ཅི་བྱས་ཀྱི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཐུབ་མེད། རྒྱ་གཞུང་གིས་པཎ་ཆེན་རིན་པོ་ཆེ་མཆོག་ད་ལྟ་གང་དུ་ཡོད་མེད་གསལ་བཤད་མ་བྱས་པར་ཁོང་ཉིད་ཧ་ཅང་བདེ་འཚམ་ཡིན་ལུགས་བཤད་ཀྱང་། སྐད་ཆ་དེར་བདེན་དབང་ར་སྤྲོད་ཅི་ཡང་བྱས་མེད།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ནང་བསྟན་ཆོས་ལུགས་དེ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བཞིན་པ་མཚམས་འཇོག་དགོས་པ་དང་། རྒྱ་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་བཟོ་ཐབས་ཀྱི་གནོད་འཚེ་ཅན་གྱི་སྲིད་ཇུས་ལག་ལེན་བསྟར་ཐབས་སུ། བོད་ཀྱི་བླ་སྤྲུལ་ཚོ་ཆབ་སྲིད་ཀྱི་དགོས་མཁོར་བེད་སྤྱོད་གཏོང་བཞིན་པ་མྱུར་དུ་མཚམས་འཇོག་དགོས། རྒྱ་གཞུང་གིས་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མྱུར་དུ་གློད་གྲོལ་དགོས་པར་མ་ཟད་ཁོང་ཉིད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁག་སླར་གསོ་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་བཞིན་ཡོད།