17/01/2021

རྒྱ་གཞུང་གིས་གཞུང་འབྲེལ་མིན་པའི་བོད་རིགས་ཚོགས་སྡེའི་འགོ་ཁྲིད་བཀག་སྐྱིལ་དང་སུན་གཙེར་གཏོང་བཞིན་མཚམས་འཇོག་དགོས། བོད་རིགས་སྐྱེས་མ་ཚེ་རིང་མཚོར་འཇིགས་སྐུལ་དང་བཀག་ཉར་བྱས་འདུག

  •   
  •  
  •  
  •  
  •  
  •  
  •  
Police notices issued to Tsering Tso

འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གིས་ཚེ་རིང་མཚོ་བཀག་བསྐྱིལ་གྱིས་ཁྲིམས་འགལ་སྦྱོར་བ་སྤེལ་བཞིན་པར་ངོ་རྒོལ་ཤུགས་ཆེན་བྱེད་ཀྱི་ཡོད། ཚེ་རིང་མཚོས་ཡིད་ཆེས་དང་བློ་སྤོབས་ཆེན་པོས་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱད་ནས་བོད་ནང་དུ་“མང་གཙོ་དང་ཁྲིམས་སྐྱོང་”གི་འདོད་བློ་དང་འབྲེལ་བའི་ཞི་འབོད་གནང་ཡོད།
ཕྱི་ཟླ་༡༡ པའི་ཚེས་༡༢ ཉིན་གྱི་མཚན་མོར་རྒྱ་གཞུང་གི་ལས་བྱེད་པ་༡༠ ཡིས་ཚེ་རིང་མཚོ་ཟི་ལིང་གྲོང་ཁྱེར་གྱི་རང་ཁྱིམ་ནས་ཁྲི་ཀ་རྫོང་སྤྱི་བདེ་བཀག་ཉར་ལྟེ་གནས་ཁང་ལ་བཙན་འཁྲིད་ཀྱིས་བཀག་བསྐྱིལ་བྱས་ཤིང་། དེའི་རྗེས་ཕྱི་ཟླ་༡༡ པའི་ཚེས་༡༣ ནས་ཚེས་༢༣ བར་རྒྱ་གཞུང་གིས་མོར་དུས་ཡུན་ཉིན་༡༠ ཡི་སྲིད་འཛིན་བཀག་ཉར་དང་དངུལ་ཆད་བཅད་འདུག མ་ཟད་བཀག་བསྐྱིལ་བྱས་རིང་རྒྱ་གཞུང་གིས་མོར་ཆུ་ཁོལ་དང་རླངས་བཙོས་བག་ལེབ་ཙམ་ལས་མ་སྤྲད་པར་ལྟོགས་སྐོམ་གྱི་མནར་གཅོད་བཏང་བ་དང་། དེ་ཡང་རྗེས་ཕྱོགས་མོས་ཡང་བསྐྱར་“མང་གཙོ་དང་ཁྲིམས་སྐྱོང་”གི་འདོད་བློ་ཞུ་འབོད་བྱེད་ཐུབ་པའི་ཆེད་དུ། བཀག་ཉར་ཁང་གི་དབང་འཛིན་པ་ཚོས་མོར་ཁྲིམས་འགལ་གྱི་སྦྱོར་བ་སྤེལ་ནས་འཇིགས་སྐུལ་བཏང་བ་རེད།
ཕྱི་ལོགས་ཀྱི་གསར་ཁང་ཞིག་ལ་ཁ་བརྡ་བཤད་སྐབས། ཚེ་རིང་མཚོས། ཁོ་མོ་དེ་སྔོན་རྒྱལ་སྤྱིའི་འགོ་ཁྲིད་མཚམས་གཟིགས་ལས་གཞིའི་༼ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱི་ཆེད་ལས་བརྗེ་རེས་ལས་གཞི།(IVLP)༽ལས་ཞུགས་ཟུར་བ་ཡིན་པས། རྒྱ་གཞུང་གིས་ཁོ་མོ་དུས་ཡུན་རིང་བོར་དོགས་ཟོན་མྱུལ་ཞིབ་འོག་ཏུ་བཞག་པ་དང་། སྐབས་དེར་མོ་ཨ་རི་ནས་ཕྱིར་ལོག་སྐབས། རྒྱ་གཞུང་གིས་ཁོ་མོ་ཐོ་གཞུང་ནག་པོའི་༼དམིགས་བསལ་ལྟ་རྟོག་དགོས་པའི་མི་སྒེར།༽ནང་བཅུག་པ། སྐབས་དེ་ནས་བཟུང་མོའི་ “འགྲོ་འདུག་བྱ་སྤྱོད་” ལ་ལྟ་རྟོག་བྱེད་མཁན་ས་གནས་ཉེན་རྟོག་པས་ཡང་ནས་བསྐྱར་དུ་ཁོ་མོ་འབོད་འགུག་བྱས་ཤིང་ཉེན་བརྡ་བཏང་བ། འཇིགས་སྐུལ་བྱས་སྐོར་བརྗོད་ཡོད།
འདི་ག་ལྟེ་གནས་ཁང་ནས་རྒྱ་གཞུང་གིས་ཚེ་རིང་མཚོ་ཁྲིམས་འགལ་བཀག་ཉར་བྱས་པར་ཡིད་ཆེས་བྱེད་ཀྱི་ཡོད་ལ། མོས་ཡིད་ཆེས་དང་བློ་སྤོབས་ཆེན་པོས་བོད་ནང་དུ་མང་གཙོ་དང་ཁྲིམས་སྐྱོང་གི་འདོད་བློ་ཞུ་འབོད་གནང་རྐྱེན། ད་ཆར་མོ་རྒྱ་གཞུང་གི་དོགས་ཟོན་མྱུལ་ཞིབ་འོག་ཏུ་ཡོད། མོས་མཚོ་སྔོན་ས་གནས་དཔོན་རིགས་ཚོའི་རུལ་སུངས་ཐེར་འདོན་གནང་རྐྱེན། མོ་རང་ས་གནས་དབང་འཛིན་དཔོན་རིགས་ཚོའི་མིག་ནང་གི་ཚེར་མར་གྱུར་བ་རེད། ཕྱི་ལོ་༢༠༡༧ ལོར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་བཅའ་ཁྲིམས་གཞིར་བཟུང་གི་ཐོག་ནས་མོས་ས་གནས་བོད་མི་ཚོར་ཕྱི་སྐྱོད་ལམ་ཡིག་སྤྲོད་པའི་ཐོབ་ཐང་ཞུ་གཏུག་གནང་རྐྱེན། མོ་ཡུལ་ཤུལ་ཁུལ་སྤྱི་བདེ་འདྲི་གཅོད་ཁང་དུ་བཀག་བསྐྱིལ་བྱས་ཤིང་། དེ་གར་ཡུལ་ཤུལ་ཁུལ་སྤྱི་བདེ་ཅུའུ་ཡི་ཕྱི་ཐོན་ནང་འཛུལ་དོ་དམ་ཚན་པའི་འགོ་ཁྲིད་བྱམས་དགའ་ཟེར་བ་ཞིག་གིས་གདུང་རྩུབ་ཆེན་པོས་མོར་གཅར་རྡུང་བཏང་སྐབས། བྱམས་དགའ་ཟེར་བ་དེས་མོའི་མགོ་དང་ངོ་། ཁོག་སྟོད་དང་ཁོག་སྨད་སོགས་ལ་རྡོག་ཐོ་གཞུས་ཡོད་པ་དང་། སྐབས་དེར་མོའི་ཁྱོ་ག་དང་གྲོགས་ཉེ་དུ་ཚོས་ཚེ་རིང་མཚོར་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པས་དུས་ཐོག་སྨན་བཅོས་བྱེད་དགོས་པའི་རེ་ཞུ་ཞུས་ཀྱང་། ཞིང་ཁུལ་སྤྱི་བདེ་ཡན་ལག་གི་ཁྲིམས་འཛིན་སྨན་པ་ཚོས་བརྟག་དཔྱད་བྱས་ནས། ཚེ་རིང་མཚོར་རྨས་སྐྱོན་ཅི་གང་བཟོས་མེད་ལུགས་བཤད་འདུག

Tsering Tso lying on a hospital bed in 2017

ཕྱི་ཟླ་༡༡ པའི་ཚེས་༡༢ ཉིན་རྒྱ་གཞུང་གིས་ཚེ་རིང་མཚོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་དོན་ཚན་༢༦ པའི་ནང་གསེས་༤ བ་དང་འགལ་བའི་བསྙོན་འཛུགས་བྱས་ཤིང་། བཅའ་ཁྲིམས་དེའི་ནང་དུ་རྒྱ་གཞུང་གིས་ “ཁྲིམས་འགལ་གྱི་བྱ་སྤྱོད་གཞན་དག” ཅེས་གསལ་ཁ་ཅི་གང་མེད་པའི་ཆ་རྐྱེན་བཏོན་འདུག སྐབས་དེར་རྒྱ་གཞུང་གིས་ཚེ་རིང་མཚོར་དུས་ཡུན་ཉིན་༡༠ ཡི་སྲིད་འཛིན་བཀག་བསྐྱིལ་དང་རྒྱ་སྒོར་ཆིག་སྟོང་གི་ཉེས་ཆད་བཙན་འགེལ་གྱིས། ཁྲི་ཀ་རྫོང་སྤྱི་བདེ་ཅུའུ་བཀག་ཉར་ཁང་དུ་བཙོན་འཇུག་བྱས་འདུག ཡིན་ནའང་རྒྱ་གཞུང་གིས་ཚེ་རིང་མཚོས་འཕྲིན་ཕྲན་ནང་ “རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི”ཁྲིམས་འགལ་བསྒྲགས་ཡིག་ག་རེ་སྤེལ་ཡོད་མེད་གསལ་བཤད་བྱས་མི་འདུག
འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གི་རྒྱལ་ཁབ་བདེ་འཇགས་དོ་དམ་སྲིད་ཇུས་ཟེར་བ་དེ་མྱུར་དུ་མཚམས་དགོས། སྲིད་ཇུས་དེའི་དམིགས་འབེན་གཙོ་བོ་དམར་ཤོག་ཚོགས་པའི་སྲིད་དབང་གཅིག་སྡུད་སྒེར་གཅོད་རྒྱུན་སྐྱོང་དང་སྤྱི་དམངས་ཀྱི་སྐྱོན་བརྗོད་འགལ་བ་འགོག་སྡོམ་བྱེད་ཐབས་ཤིག་རེད།
སྲིད་ཇུས་འདིའི་འོག་ཏུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་མཁན་བོད་རིགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་སྤྱི་མང་ཚོགས་སྡེ་ཁག་གི་ལས་འགུལ་བ་ཚང་མ་འཛིན་བཟུང་བཀག་བསྐྱིལ་དང་མནར་གཅོད་གཏོང་བ། གར་སོང་ཆ་མེད་བཟོ་བཞིན་ཡོད། རྒྱ་གཞུང་གིས་རྒྱལ་ཁབ་བདེ་འཇགས་སྲིད་ཇུས་ཟེར་བ་གལ་འགངས་ཆེན་པོར་འཛིན་པ་ཡིས། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྡབ་གསིག་ཚབས་ཆེན་ཐེབས་ཀྱི་ཡོད། སྲིད་ཇུས་དེ་ནི་བོད་ནང་དུ་ཆབ་སྲིད་ཀྱི་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བ་ཁྲིམས་མཐུན་བཟོ་ཐབས་ཤིག་ཡིན་པས། རྒྱ་གཞུང་གིས་རྒྱལ་སྤྱིའི་སྟེང་རྒྱལ་ཁབ་བདེ་འཇགས་ཟེར་བ་དེ་ “གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་” གི་ངོ་བོར་སྒྱུར་ཐབས་བྱེད་བཞིན་པ་ངེས་པར་དུ་མཚམས་འཇོག་དགོས།
རྒྱ་གཞུང་གི་ཉེས་ཁྲིམས་ལམ་ལུགས་འོག་གང་བྱུང་འཛིན་བཟུང་དང་བཀག་བསྐྱིལ་བྱེད་པ་ནི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ཁག་ཆེ་ཤོས་གཅིག་ཆགས་ཡོད། ཉེས་ཁྲིམས་ཀྱི་འགྲོ་ལུགས་མ་རྒྱུད་པ་དང་ཁྲིམས་མཐུན་གྱི་ཐོབ་ཐང་མ་སྤྲད་པར་རྒྱ་གཞུང་གིས་མི་མང་ས་ཡ་མང་པོ་སྤྱི་བདེ་ཅུའུ་བཀག་ཉར་ཁང་དུ་ཉུང་མཐར་ཡང་དུས་ཡུན་ཉིན་གྲངས་༡༥ རིང་བཀག་བསྐྱིལ་བཙོན་འཇུག་བྱེད་ཀྱི་འདུག སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་ཀྱི་དོན་ཚན་༩ བའི་ནང་དུ། “སྐྱེ་བོ་སུ་ཞིག་ནག་ཉེས་ལ་བརྟེན་ནས་འཛིན་བཟུང་ངམ་བཙོན་འཇུག་བྱེད་སྐབས། འཕྲད་དུ་ཁྲིམས་དཔོན་ནམ་ཡང་ན་ཁྲིམས་ཀྱི་དབང་ཚད་ལྡན་པའི་དཔོན་རིགས་ཀྱི་མདུན་དུ་འཁྲིད་དགོས་པ་མ་ཟད། དུས་ཚོད་འོས་མཚམས་ནང་གཏུག་བཤེར་བྱེད་དགོས་པ་དང་། ཡང་ན་གློད་གྲོལ་གཏོང་དགོས།” ཞེས་དང་། “སྐྱེ་བོ་སུ་ཞིག་འཛིན་བཟུང་ངམ་བཙོན་འཇུག་གིས་རང་དབང་བཙན་འཕྲོག་ཐེབས་སྐབས། སྐྱེ་བོ་དེས་ཁྲིམས་ཁང་གི་མདུན་དུ་ཁྲིམས་གཏུག་བྱེད་ཆོག་པའི་ལམ་ལུགས་དགོས་པ་དང་། ཁྲིམས་ཁང་ནང་འགོར་འགྱང་མེད་པའི་ཐོག་ནས་འཛིན་བཟང་ངམ་བཙོན་འཇུག་དེ་ཇི་ཙམ་འོས་མཚམས་མིན་པ་ཐག་གཅོད་དང་། གལ་ཏེ་ཁྲིམས་མཐུན་མིན་ཚེ་གློད་གྲོལ་གཏོང་དགོས།” ཞེས་གསལ་འདོན་གནང་ཡོད།
ཁྲིམས་ཞིབ་ཙམ་ཡང་མེད་པར་བཀག་ཉར་བྱེད་པ་ནི། སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་ཀྱི་དོན་ཚན་༡༤ བའི་ནང་གསེས་༣ པ་དང་འགལ་ཡོད། ནང་གསེས་གསུམ་པའི་ནང་སྲིད་འཛིན་ཉེས་ཅན་མི་སྣས་ཁྲིམས་རྩོད་པ་གླས་ཆོག་པའི་ཐོབ་ཐང་འཁོད་དོན། སྐྱེ་བོ་ཞིག་ལ་ནག་ཉེས་སྐྱོན་འཛུགས་བྱེད་སྐབས། ཉུང་མཐར་ཡང་གཤམ་གསལ་ཉེན་སྲུང་རྣམས་འདྲ་མཉམ་གྱི་ཐོག་ནས་ལེན་དགོས། ང༽ “དོ་བདག་རང་གི་མདུན་དུ་ཞིབ་གཅོད་བྱེད་དགོས། དོ་བདག་རང་ཉིད་དམ་ཡང་ན་རང་གིས་བདམས་པའི་ཁྲིམས་རྩོད་པས་རང་ཉིད་ལ་ཁྲིམས་ཀྱི་སྲུང་སྐྱོབ་བྱེད་དགོས། གལ་ཏེ་ཁྲིམས་རྩོད་པ་མེད་ཚེ། ཁྲིམས་རྩོད་པ་གླ་བའི་ཐོབ་ཐང་ཡོད་སྐོར་གྱི་བརྡ་ལན་སྤྲོད་དགོས། ཁྲིམས་བཤེར་དྲང་བདེན་ཡོང་ཆེད། གལ་ཏེ་ཁོ་པར་ཁྲིམས་རྩོད་པར་གླ་་དངུལ་སྤྲོད་རྒྱུ་མེད་ཚེ། གཞུང་ཕྱོགས་ནས་ཁྲིམས་རྩོད་པའི་མཐུན་རྐྱེན་སྦྱོར་དགོས།”
དེར་མ་ཟད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་༣༧ པའི་ནང་དུ་ཡང་སྤྱི་དམངས་ཀྱི་རང་དབང་སྲུང་སྐྱོབ་བྱས་དོན། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་རང་ལུས་རང་དབང་ལ་གནོད་འཚེ་འཁུར་མི་དགོས། སྤྱི་དམངས་སུ་ཞིག་ཡིན་རུང་མི་དམངས་ཞིབ་དཔྱོད་ཁང་གིས་ཆོག་མཆན་བཀོད་པའམ་ཐག་བཅད་པ་དང་ཡང་ན་མི་དམངས་ཁྲིམས་ཁང་གིས་ཐག་བཅད་པའི་ཐོག་སྤྱི་བདེ་ལས་ཁུངས་ཀྱིས་ལག་བསྟར་བྱས་ན་མ་གཏོགས་འཛིན་བཟུང་འཁུར་མི་དགོས། ཁྲིམས་འགལ་གྱིས་བཀག་སྐྱིལ་བྱེད་པ་དང་བྱེད་ཐབས་གཞན་ལ་བརྟེན་ནས་ཁྲིམས་འགལ་གྱིས་སྤྱི་དམངས་ཀྱི་རང་ལུས་རང་དབང་བཙན་འཕྲོག་བྱེད་པའམ་ཚོད་འཛིན་བྱེད་པ་གཏན་འགོག་དང་། ཁྲིམས་འགལ་གྱིས་སྤྱི་དམངས་ལ་ལུས་བཤེར་བྱེད་པ་གཏན་འགོག་བྱ་རྒྱུ།”