08/08/2020

རྒྱ་གཞུང་གིས་གཉའ་ལམ་རྫོང་གྲོང་སྡེ་ཁག་ནང་བོད་མོ་ཉོ་འཚོང་དང་ཡུལ་མིའི་རྩྭ་ས་བཙན་འཕྲོག་བྱེད་ཀྱིན་པ་མཚམས་འཇོག་དགོས།

  •   
  •  
  •  
  •  
  •  
  •  
  •  
གཉའ་ལམ་རྫོང་སྤྱི་བདེ་ལས་ཁུངས་ཀྱི་བརྡ་སྦྱོར།

འདི་ག་ལྟེ་གནས་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། རྒྱ་གཞུང་གིས་བོད་ས་བཅད་བགོས་ལྟར་བྱས་ན་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་ཟུར་མཚོ་ཤང་གི་བོད་མིའི་རྩྭ་ས་དང་སྒོ་ཕྱུགས། བུད་མེད་ཀྱི་ཐོབ་ཐང་སོགས་འགྲོ་བ་མིའི་ཐོབ་ཐང་ཁག་རྩིས་མེད་བརྡལ་བཤིག་གཏོང་བཞིན་ཡོད་པ་རེད།

རྒྱ་ནག་ས་གནས་སྲིད་གཞུང་གིས་ཟུར་མཚོ་ཤང་གི་དུད་ཁྱིམ་མང་པོ་ཉེ་འཁོར་དུ་སྲིད་གཞུང་གིས་ལས་པའི་ཁང་པའི་ནང་གནས་སྤོར་གཏོང་འཆར་ཡོད་འདུག རྒྱ་ནག་ས་གནས་སྲིད་གཞུང་ནས་བོད་མིའི་སྡོད་ཁང་རྙིང་པ་དེ་དག་ཕྱི་ལོ་༢༠༡༥ ལོའི་ས་ཡོམ་སྐབས་སུ་ཡོམ་འགུལ་ཐེབས་རྐྱེན་སྲ་བརྟན་མིན་ལུགས་བཤད་འདུག་ལ། ལོའི་དེའི་རང་བྱུང་ས་ཡོམ་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཡུལ་ནང་གོད་ཆག་ཚབས་ཆེན་ཐེབས་ཡོད་པ་རེད།

ནང་མིའི་བདེ་འཇགས་སླད་དུ་རང་མིང་བརྗོད་འདོད་མེད་པའི་གནས་ཚུལ་མཁོ་སྤྲོད་པས་འདི་ག་ལྟེ་གནས་ཁང་ལ། ས་གནས་སྲིད་གཞུང་གིས་གསར་དུ་ལས་པའི་ཐོག་རྩེག་གཉིས་ཅན་གྱི་ཁང་པ་དེ་དག་ལ་སྒོ་ཕྱུགས་ཉར་ས་དང་ཟ་འབྲུ་འདེབས་ས་གང་ཡང་མེད་པ་དང་། ས་ཁུལ་དེའི་བོད་མིའི་འཚོ་ཐབས་ས་མ་འབྲོག་ཡིན་སྐོར་བརྗོད་ཡོད། གནས་ཚུལ་མཁོ་སྤྲོད་བཤད་རྒྱུར། “ས་གནས་སྲིད་གཞུང་གིས་ས་གནས་ཡུལ་མིའི་རྩྭ་ས་མང་ཤོས་ལ་རྩྭ་ར་བསྐོར་བ་ནས་ཕྱུགས་ཟོག་འཚོ་སྐྱོང་ལ་ཚད་བཀག་བཟོས་ཡོད་པ་དང་། ད་སྔ་ཡུལ་མི་ཚོར་ད་དུང་རྩྭ་ས་དང་ཞིང་ས་ཉུང་ངུ་ཡོད་ཀྱང་། གལ་ཏེ་ཡུལ་མི་ཚོ་ས་གནས་སྲིད་གཞུང་གིས་ལས་པའི་ཁང་པའི་༼ཕྱོགས་གཅིག་ཏུ་གྲལ་བཤར་ནས་ལས་ཡོད་པ་རེད།༽ནང་སྤར་བ་ཡིན་ན། ཡུལ་མི་ཚོར་རྩྭ་ས་དང་འཚོ་ཐབས་ཐོན་ཁུངས་མེད་ཁར། ལྡང་ངེས་ཀྱི་གནས་སྤོར་ཁ་གསབ་ཀྱང་མེད་པ་རེད།”

ཕྱི་ལོ་༢༠༡༥ ཟླ་༤ ཚེས་༢༥ ཉིན་བྱུང་བའི་ཚད་རིམ་༧.༩ ཅན་གྱི་ས་ཡོམ་གྱིས་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་ནང་གོད་ཆག་བཟོས་པ་དང་། ཉེ་འདབས་ཀྱི་སྐྱིད་གྲོང་དང་གཉའ་ལམ་སོགས་བོད་རིགས་འདུས་སྡོད་ཀྱི་རྫོང་ཁག་ནང་ཡོམ་འགུལ་བྱུང་བ་དང་། རྒྱ་ནག་ས་གནས་སྲིད་གཞུང་གིས་སྐབས་དེའི་ཡོམ་འགུལ་ལ་ཁ་གཡར་ཏེ། ས་གནས་ཡུལ་མི་ཚོ་སོ་སོའི་སྲོལ་རྒྱུན་རང་བཞིན་གྱི་འཚོ་ཐབས་དང་ས་རྩྭ་ནས་གནས་སྤོར་གཏོང་གི་ཡོད་པ་རེད། རྒྱ་ནག་ས་གནས་སྲིད་གཞུང་གིས་ཟུར་མཚོ་ཤང་གི་བོད་མི་ཚོ་སོ་སོའི་ཕ་མེས་ཡང་མེས་རིང་ནས་བརྒྱུད་ཡོང་བའི་གཞིས་ཀ་ནས་སྡོད་ཁང་གསར་བའི་ནང་དུ་སྤོར་དགོས་པའི་བཙན་སྐུལ་བཏང་ཡོད་སྐོར་ས་གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན། “ཡུལ་མིའི་སྡོད་ཁང་ལ་སེར་ཁ་ཕྲན་བུ་གས་ཡོད་ཀྱང་རྡིབ་སྐྱོན་གྱི་ཉེན་ཁ་མེད་ནའང་། ས་གནས་སྲིད་གཞུང་གིས་དེ་ལ་ཁ་གཡར་ནས་ཡུལ་མིའི་རྩྭ་ས་བཙན་འཕྲོད་དང་ཕྱིར་ཕུད་བཏང་བ་རེད།”

ས་གནས་ཡུལ་མི་མང་པོ་ཞིག་གིས་ཡུན་རིང་ལ་སྲིད་གཞུང་གི་གནས་སྤོར་ལས་གཞིར་འགོག་རྒོལ་གནང་ཡོད་པ་དང་། ཡུལ་མི་དེ་དག་གྲས་ཀྱི་དབང་ཕྱུག་གིས་ས་གནས་སྲིད་གཞུང་གི་གནས་སྤོར་ལས་གཞིར་འགོག་རྒོལ་ཤུགས་ཆེན་པོ་གནང་ཡོད་འདུག ཟླ་སྔོན་མར་འདི་ག་ལྟེ་གནས་ཁང་ནས། རྒྱ་གཞུང་གིས་བཀག་སྡོམ་བྱས་པའི་དཔེ་དེབ་བརྒྱུད་ལམ་དུ་སྤེལ་བའི་ཉེས་འཛུགས་འོག་ཏུ། རྒྱ་གཞུང་གི་སྤྱི་བདེ་ཉེན་རྟོགས་པས་འདི་ལོའི་ཕྱི་ཟླ་༣ ནང་རང་ལོན་༤༥ ཡིན་པའི་དབང་ཕྱུག་འཛིན་བཟུང་བཀག་ཉར་བྱས་པའི་གནས་ཚུལ་སྤེལ་ཡོད།

བོད་མོ་ཉོ་འཚོང་།

ཉེ་བའི་ལོ་ཤས་ནང་གཞིས་རྩེ་གྲོང་ཁྱེར་ནང་རྒྱ་གཞུང་གི་འཛུགས་སྐྲུན་ལས་གཞིར་རྒྱ་རིགས་ལས་བཟོ་བ་འབོར་ཆེན་ཡོང་ནས། ཟུར་མཚོ་ཤིང་དང་གྲོང་སྡེ་གཞན་དག་གི་བོད་རིགས་བུ་མོ་ལོ་ཆུང་ཚོ་མག་མར་སློང་གི་ཡོད་པ་དང་། རྒྱ་རིགས་ལས་བཟོ་བ་དེ་དག་གིས་མ་འོངས་ཆུང་མི་བོད་རིགས་བུ་མོ་དེ་ཚོའི་ཕ་མ་ཚོར་གཉེན་སློང་ནས་གཉེན་རྟགས་ལ་རྒྱ་སྒོར་སྟོང་ཕྲག་ཁ་ཤས་སྤྲོད་ཀྱི་ཡོད་འདུག

“བོད་རིགས་བུ་མོ་མང་པོ་རྒྱ་རིགས་ལས་བཟོ་བར་གཉེན་སྒྲིག་བཞིན་པ་དེ་དངོས་གནས་ཡིན་པ་དང་། ཕ་མ་ཚོས་ཀྱང་སོ་སོའི་བུ་མོ་ས་གནས་གང་དུ་ཡོད་མེད་དང་འཚོ་གནས་ཅི་འདྲ་ཡིན་མིན་ཤེས་ཐུབ་ཀྱི་ཡོད་ཀྱང་། ང་ཚོའི་ཕ་ཡུལ་ནས་བུ་མོ་ཚོ་རྒྱ་རིགས་སྐྱེས་པར་གཉིན་སྒྲིག་ནས་སོ་སོའི་བཟའ་ཟླ་རིགས་རྒྱ་རིགས་ཚོ་དང་མཉམ་དུ་རང་ཡུལ་དང་ཁ་བྲལ་ནས་ཐག་རིང་གནས་ཡུལ་རྒྱ་ནང་ལ་ཕྱིན་རྗེས། གར་ཡོད་ཅི་བྱུང་གི་གནས་ཚུལ་མཐོང་ཐོས་མེད་པའི་གནས་སྟངས་མང་པོ་འབྱུང་བཞིན་འདུག” ཅེས་གནས་ཚུལ་མཁོ་སྤྲོད་པས་འདི་ག་ལྟེ་གནས་ཁང་ལ་བརྗོད་ཡོད།

ས་གནས་བོད་མི་དང་དམིགས་བསལ་ཕ་མ་མང་པོ་ཞིག་གིས་སོ་སོའི་བུ་མོ་ཚོ་བོར་བརླག་ཐེབས་ནས་སྨད་ཚོང་དང་རྒྱ་ཚང་ལ་མནའ་མར་ཉོ་འཚོང་བྱེད་པར་སེམས་ཁྲེལ་ཆེན་པོ་གནང་གི་ཡོད་པ་དང་། དེ་ཡང་རྒྱ་རིགས་ལས་བཟོ་བ་འབོར་ཆེན་སླེབས་པ་༼ཁོ་ཚོས་གཞིས་རྩེ་གྲོང་འཁྱེར་ཉེ་འདབས་དང་གྲོང་གསེབ་ཁག་གི་ཁྱིམ་ཚང་དབུལ་བོའི་བུ་མོ་ལོ་ཆུང་ཚོ་དམིགས་འབེན་དུ་བཟུང་ཡོད་པ་རེད།༽དང་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་རེད།

ཉེ་ཆར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་ནས་རྒྱ་ནང་མནའ་མ་ཉོ་འཚོང་གི་དཀའ་རྙོག་སྐོར་གྱི་ཞིབ་འཇུག་གནས་ཚུལ་སྤེལ་ཡོད་པ་དང་། དེ་ནི་རྒྱ་ནག་ནང་ལོགས་ཀྱི་ཕོ་མོ་དབྱེ་འབྱེད་དང་འཚེ་བ་མྱོང་མཁན་ལ་སྲུང་སྐྱོབ་མེད་པའི་གནད་དོན་ཚབས་ཆེ་ཤོས་ཆགས་ཡོད་འདུག ཞིབ་འཇུག་དེ་དག་གི་ནང་དུ་གཙོ་བོ་ལྷོ་ཨེ་ཤ་ཡ་དང་ལྷོ་ཤར་ཨེ་ཤ་ཡའི་གྲོང་གསེབ་ཁག་ཏུ་བར་ཚོང་གཉེར་མཁན་ཚོས་བུད་མེད་མང་པོ་ཨ་སྒོར་སྟོང་ཕྲག་ཁ་ཤས་བྱས་ནས་རྒྱ་ཚང་ཁག་ལ་ཉོ་འཚོང་བྱས་རྗེས། བུད་མེད་དེ་ཚོ་བཙོན་པ་ནང་བཞིན་བཀག་བསྐྱིལ་བྱས་ནས་བཙན་གྱིས་མགྱོག་པོར་ཕྲུ་གུ་སྐྱེ་འཕེལ་བྱེད་དུ་འཇུག་གིན་ཡོད་འདུག

བོད་རིགས་བུད་མེད་ཚོ་ཡང་རྒྱ་རིགས་ཚོའི་མནའ་མར་ཉོ་འཚོང་བྱེད་བཞིན་པའི་དཀའ་རྙོག་མང་པོ་ཤེས་རྟོགས་མ་ཐུབ་པར་གནས་ཚུལ་བསྒྲགས་ཐུབ་མེད་པ་རེད། གང་ལྟར་རྒྱ་གཞུང་གིས་བོད་རིགས་དང་རྒྱ་རིགས་དབར་གཉེན་སྒྲིག་༼མི་རིགས་དབར་གཉེན་སྒྲིག༽ཤུགས་ཆེར་བཏང་སྟེ། མི་རིགས་དབར་གཉེར་སྒྲུག་མཁན་ཚོར་ལས་གནས་དང་སློབ་གསོ། སྡོད་ཁང་། དེ་བཞིན་བདེ་ཐང་མཐུན་འགྱུར་བསྐྲུན་ནས་མི་རིགས་དབར་གཉེན་སྒྲིག་ལ་སྐུལ་འདེད་བྱེད་མུས་ཡིན་པ་རེད། ཞིབ་འཇུག་པ་མང་པོ་ཞིག་གིས། གནས་སྟངས་འདི་ནི་རྒྱ་ནག་གི་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱེད་བཞིན་པ་ཞི་འཇགས་བཟོ་ཆེད་དང་། བོད་མིའི་ངོ་བོ་རྒྱ་སྒྱུར་བྱེད་ཐབས་ཀྱི་ངོ་ཚ་ཁྲེལ་མེད་ཀྱི་བསམ་སྦྱོར་འབའ་ཞིག་ཡིན་པའི་ལྟ་ཚུལ་བཏོན་ཡོད།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་ནག་ས་གནས་སྲིད་གཞུང་གིས་ཟུར་མཚོ་ཤང་དང་དེའི་ཉེ་འཁོར་གྱི་གྲོང་སྡེ་ཁག་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཁག་རྩིས་མེད་བརྡལ་བཤིག་གཏོང་བཞིན་པར་བློ་འཚུབ་དང་། རྒྱ་ནག་ས་གནས་སྲིད་གཞུང་གིས་བོར་བརླག་ཕྱིན་པའི་བོད་རིགས་བུ་མོ་དེ་དག་ས་གནས་གང་དུ་ཡོད་མེད་དང་གནས་སྟངས་ཅི་འདྲ་ཡིན་ཐད་ལ་མྱུར་དུ་ཞིབ་འཇུག་མཐིལ་ཕྱིན་བྱེད་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། ཕན་ནུས་ལྡན་པའི་ཇུས་སྲིད་དང་ཁྲིམས་ཀྱི་ཐོག་ནས་ཕོ་མོ་དབྱེ་འབྱེད་དང་བུད་མེད་ཀྱི་ཕྲུ་གུ་སྐྱེ་འཕེལ་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་གཏོང་བཞིན་པར་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས།

འདི་ག་ལྟེ་གནས་ཁང་གི་ངོས་ནས་ད་དུང་། རྒྱ་གཞུང་གིས་ཟུར་མཚོ་ཤིང་ས་གནས་བོད་མིའི་རྩྭ་ས་བཙན་འཕྲོག་དང་ཕྱིར་ཕུད་མི་གཏོང་བར། ཡུལ་མི་ཚོ་སོ་སོའི་རང་ས་རང་ཡུལ་དུ་འཚོ་སྡོད་གྱི་རང་དབང་སྤྲོད་དགོས་པའི་འབོད་སྐུལ་ཡི་ཡོད། གལ་ཏེ་རྒྱ་གཞུང་གིས་དངོས་གནས་དྲང་གནས་བོད་རིགས་མང་ཚོགས་ཀྱི་འཚོ་གནས་ཡར་རྒྱས་དང་དབུལ་ཐར་གཏོང་གི་ཡོད་ན། ས་གནས་བོད་མིའི་རྩྭ་ས་དང་ཐོན་ཁུངས། འཚོ་ཐབས་ལ་འགན་སྲུང་དང་བརྩི་འཇོག་བྱེད་དགོས། ཡར་རྒྱས་འཛུགས་སྐྲུན་ལས་གཞིའི་མིང་བྱང་འོག་ཏུ། རྒྱ་གཞུང་གིས་ངེས་པར་དུ་བརྟན་འཇགས་མེད་པའི་དཔལ་འབྱོར་དང་ལས་མེད། འཚོ་ཐབས་ཀྱི་ཐོན་ཁུངས་གཞུང་བཞེས་དང་རྩྭ་ས་བཙན་འཕྲོག་སོགས་ཉེན་ཚབས་ཆེ་བའི་ལག་བསྟར་ལས་གཞི་ཁག་ངེས་པར་དུ་མཚམས་འཇོག་དགོས།