24/11/2020

རྒྱ་གཞུང་གིས་གང་བྱུང་བཀག་བསྐྱིལ་བྱས་པའི་གླུ་བ་ལྷུན་འགྲུབ་གྲགས་པ་གློད་གྲོལ་གཏོང་དགོས།

  •   
  •  
  •  
  •  
  •  
  •  
  •  
ལྷུན་འགྲུབ་གྲགས་པ།

དེ་རིང་འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གི་དབང་སྒྱུར་ལ་ཞི་འབོད་གནང་མཁན་བོད་ཀྱི་གླུ་བ་ཞིག་ལ་དྲང་བདེན་མིན་པའི་བཙོན་འཇུག་བྱེད་བཞིན་པ་ངེས་པར་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད། རང་ལོ་༣༦ ཡིན་པའི་ལྷུན་འགྲུབ་གྲགས་པར་མི་ལོ་༦ གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་། ཁོང་གིས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སྲིད་གཞུང་གི་དྲག་གནོན་སྲིད་ཇུས་ལ་སྐྱོན་བརྗོད་ཀྱི་གླུ་གཞས་<<ཞྭ་མོ་ནག་པོ།>>བླངས་པའི་རྐྱེན་གྱིས། རྒྱ་གཞུང་གིས་ཁོང་བཙོན་འཇུག་བྱས་པ་རེད།
<<ཞྭ་མོ་ནག་པོ་>>ཞེས་པའི་གླུ་གཞས་ནང་རྒྱ་གཞུང་གིས་དྲག་གནོན་སྲིད་ཇུས་མང་པོ་ལག་བསྟར་བྱས་རྐྱེན། སོག་རྫོང་ཚུད་པའི་ཁམས་འབྲི་རུ་རྫོང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་མིའི་ཚེ་སྲོག་ལ་རྒོལ་བའི་ནག་ཉེས་ཚབས་ཆེན་བཟོས་པ་ཐེར་འདོན་གནང་ཡོད། ཕྱི་ལོ་༢༠༡༣ ལོར་འདི་ག་ལྟེ་གནས་ཁང་གིས་འབྲི་རུ་རྫོང་གི་གནས་ཚུལ་བཏོན་པའི་གནས་ཚུལ་ནང་དུ། རྒྱ་གཞུང་གི་དབང་འཛིན་པ་ཚོས་བོད་མི་བརྒྱ་ཕྲག་མང་པོ་གང་བྱུང་བཀག་བསྐྱིལ་དང་གར་སོང་ཆ་མེད་བཟོས་པ། མནར་གཅོད་དང་དམར་གསོད་བཏང་བ་བཅས་གསལ་ཡོད།
ཕྱི་ལོ་༢༠༡༣ ནས་༢༠༡༤ ཡས་མས་སུ་གླུ་བ་གྲགས་པ་ཐེངས་འགར་བཀག་བསྐྱིལ་བྱས་ཡོད་པ་དང་། ཁོང་འཛིན་དོན་ཡང་མཉམ་གཞས་<<བཀྲ་ཤིས་ཡར་འགྲོ་>>དང་འབྲེལ་བ་ཡོད་ཅིང་། གླུ་གཞས་དེ་ཁོང་གིས་གླུ་བ་མགོན་པོ་བསྟན་འཛིན་དང་མཉམ་དུ་བླངས་ཤིང་། ཕྱིས་སུ་མགོན་པོ་བསྟན་འཛིན་རྒྱ་གཞུང་གིས་བཙོན་འཇུག་བྱས་པ་རེད། བོད་ཀྱི་གླུ་བ་མགོན་པོ་བསྟན་འཛིན་དང་འཕྲིན་ལས་ཚེ་དཀར་གཉིས་འཛིན་བཟུང་བཙོན་འཇུག་བྱས་པ་དེ་ནི། རྒྱ་གཞུང་གིས་ཁམས་འབྲི་རུ་རྫོང་དུ་ཞི་རྒོལ་གནང་མཁན་ཚོར་ཁྱབ་ཆེ་ས་ནས་དམིགས་ཡུལ་དང་འཆར་གཞི་ལྡན་པའི་ཐོག་ནས་དྲག་གནོན་བྱས་དང་བྱེད་བཞིན་པའི་ཆ་ཤས་ཤིག་རེད།
རྒྱ་གཞུང་གི་དོགས་ཟོན་མྱུལ་ཞིབ་ལ་མ་བལྟས་པར། གླུ་བ་གྲགས་པས་མུ་མཐུད་རྒྱ་གཞུང་གིས་བོད་སྐད་ཡིག་སློབ་གསོ་དང་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་བཏང་བར་སྐྱོན་བརྗོད་དང་། བོད་ཀྱི་སྲོལ་རྒྱུན་རིག་གཞུང་ལ་བསྟོད་གླུ་བརྩམས་ནས་ཁོང་གི་འཕྲིན་ཕྲན་རྒྱབ་ལྗོངས་སུ་སྤེལ་ཡོད།
“ཕྱི་ལོ་༢༠༡༥ ལོའི་ལོ་མཇུག་བར་དུ་གླུ་གཞས་བརྩམས་ནས་ཁོང་གི་འཕྲིན་ཕྲན་རྒྱབ་ལྗོངས་སུ་སྤེལ་བའི་རྐྱེན་གྱིས། ཕྱིས་སུ་རྒྱ་གཞུང་གིས་ཁོང་གི་འཛིན་བཟུང་བྱ་ངེས་ཡིན་པ་ངས་ཤེས་སོང་།” ཞེས་ཉེ་ཆར་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་རང་དགོན་དུ་སྡོད་པའི་གླུ་བ་གྲགས་པའི་སྤུན་མཆེད་འཇམ་དབྱངས་ཆོས་འཕེལ་གྱིས་འདི་ག་ལྟེ་གནས་ཁང་ལ་གསུང་དོན། “གྲོང་སྡེ་ཅན་འཛུགས་སྐྲུན་གྱི་མིང་ཐོག་ནས་རྒྱ་གཞུང་གིས་ཡུལ་མིའི་རྩྭ་ས་དང་ཞིང་ས་བཙན་འཕྲོག་བྱེད་བཞིན་པའི་ཐད་ལའང་ཁོང་གིས་སྐྱོན་བརྗོད་ཀྱི་རྩོམ་ཡིག་བྲིས་ནས་དྲ་ལམ་དུ་སྤེལ་ཡོད་པ་རེད།”
ཕྱི་ལོ་༢༠༡༦ ལོ་ནས་བཟུང་ཁམས་འབྲི་རུ་རྫོང་སྲིད་གཞུང་གི་དབང་འཛིན་པ་ཚོས་ཐད་ཀར་བརྒྱུད་ལམ་བཀག་སྡོམ་ལག་བསྟར་བྱས་ནས། ཡུལ་མི་ཚོར་རྒྱ་གར་ནང་གི་བོད་མིར་མུ་མཐུད་འབྲེལ་གཏུག་བྱས་མི་ཆོག་པ་དང་། གལ་ཏེ་བྱས་པ་ཡིན་ན། འཛིན་བཟུང་བཙོན་འཇུག་གམ། ཡང་ན་ཡུལ་མིའི་འཚོ་རྟེན་གཙོ་བོ་སྨན་རྩྭ་རྐོ་རུ་མི་འཇུག་པའི་ཉེས་ཆད་འགེལ་རྒྱུ་ཡིན་པའི་བཀོད་ཁྱབ་བཏང་རྐྱེན། དགེ་འདུན་པ་ཆོས་འཕེལ་གྱིས་ཁོང་གི་སྤུན་མཆེད་ལ་འབྲེལ་གཏུག་གནང་ཐུབ་མེད་པ་རེད།
ལྷུན་འགྲུབ་གྲགས་པ་ནི་བོད་ཀྱི་སྲོལ་རྒྱུན་གླུ་གཞས་དང་སྒྱུ་རྩལ་རིག་གཞུང་ལ་དུང་ཞེན་ཟབ་མོ་གནང་མཁན་ཞིག་རེད། ཁོང་ནི་ཁམས་འབྲི་རུ་ཕྱོགས་ཀྱི་གླུ་བ་གླུ་མ་གྲགས་ཅན་གྲས་ཀྱི་གཅིག་ཡིན་པ་དང་། ཁོང་གི་གསར་རྩོམ་གླུ་གཞས་མང་ཆེ་བའི་བརྗོད་སྙིང་གཙོ་བོ་བོད་མི་རིགས་ཀྱི་ངོ་བོ་དང་། བོད་ཀྱི་སྲོལ་རྒྱུན་རིག་གཞུང་ལ་ཆེ་བསྟོད། རྒྱ་གཞུང་གི་དབང་འཛིན་པ་ཚོའི་རྫུན་གཏམ་དྲིལ་བསྒྲགས་ཐེར་འདོན་དང་ཞི་འབོད་གནང་བ་སོགས་ཡིན་འདུག
གླུ་བ་གྲགས་པ་ནི་ཕྱི་ལོ་༡༩༨༤ ལོར་ཁམས་འབྲི་རུ་རྫོང་དམུ་ཁྱིམ་གྲོང་སྐྱེས་ཤིང་། ཁོང་གི་ཕ་མིང་ལ་བསྟན་འཛིན་བསོད་ནམས་དང་མ་མིང་ལ་སྒྲོལ་སྐྱིད་ཞུ་བ། ཁོང་ལ་སྤུན་མཆེད་དྲུག་ཡོད་པའི་ནང་ནས་ཐ་ཆུང་བ་གཉིས་པ་ཡིན་ཞིང་། རང་ལོ་༦ ནས་གྲོང་སྡེའི་སློབ་ཆུང་དང་སློབ་འབྲིང་། ནག་ཆུ་གྲོང་རྡུལ་གྱི་སློབ་ཆེན་སོགས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་རིམ་གྱིས་འགྲིམས་པ་རེད།

ཁོང་གིས་གསར་རྩོམ་གཞས་ཚིག་<<ཞྭ་མོ་ནག་པོ་>>ཞེས་པ་གཤམ་གསལ།

ཞྭ་མོ་ནག་པོ།

Black Hat

 

ལྷག་བསམ་དྲང་བདེན་ཆེ་བའི་མི་རིགས་ཤིག་ལ།

གཡོ་སྒྱུའི་ཞྭ་མོ་ནག་པོ་བཙན་གྱིས་གཡོགས་སོང་།

ཞྭ་དེ་མ་བཤུས་ལོ་དང་ཟླ་བའི་ཁྲོད་ནས།

མི་འདོད་སྡུག་གི་དམྱལ་བ་ས་ཁར་མྱང་སོང་།

A noble and truthful nationality

Forced to wear a black hat of subterfuge

Months and years of wearing the hat

Enduring undesired hell of suffering on earth

 

ཡིད་བཞིན་ནོར་ལས་ལྷག་པའི་སྐད་ཡིག་ཅིག་ལ།

ཐབས་ཇུས་སྟོང་གི་དྲ་བས་ལྐོག་ནས་བསྡམས་སོང་།

དྲ་དེ་མ་གློད་ལོ་དང་ཟླ་བའི་ཁྲོད་ནས།

གདོང་དམར་ས་ཡ་དྲུག་གི་ངག་སྒོ་འགག་སོང་།

A language more valuable than wish-fulfilling jewel

Chained by a net of thousand strategies

Months and years without loosening the net

Gagged the speech of red-faced six million Tibetans

 

ཉི་མ་སྤྲིན་གྱིས་བསྒྲིབས་པའི་ལོ་དང་ཟླ་བ།

ཟླ་བ་སྨག་གིས་ཟོས་པའི་ཉིན་དང་མཚན་མོ།

འཇིག་རྟེན་མུན་པས་བཟུང་བའི་དུས་ཀྱི་ཡུན་དེ།

ང་དང་གངས་ཅན་བོད་པའི་ཕམ་ཁ་ཡིན་སོང་།

Months and years of the cloud-covered sun

Days and nights of the darkened moon

The time when gloom enveloped the universe

Became the defeat for me and all Tibetans

Select Language