31/05/2020

རྒྱ་གཞུང་གིས་ཁྲིམས་འགལ་བཀག་བསྐྱིལ་འོག་གི་རུལ་སུངས་ཐེར་འདོན་གནང་མཁན་ཨ་ཉ་སེང་སྒྲ་དང་ཁོང་གི་རོགས་པ་ཚོ་གློད་གྲོལ་གཏོང་དགོས།

  •   
  •  
  •  
  •  
  •  
  •  
  •  

འདི་ག་ལྟེ་གནས་ཁང་གི་ངོས་ནས། བཙོན་འོག་གི་བོད་མིའི་སྤྱི་ཚོགས་ལས་འགུལ་བ་ཨ་ཉ་སེང་སྒྲ་དང་ཁོང་གི་རོགས་པ་ཚོའི་དག་འབུལ་ཞུ་གཏུག་ལ་གསལ་ཁ་མེད་པ་བཟོས་པར་བློ་ཕམ་ཡོད་ལ། རྒྱ་གཞུང་གིས་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་ཁོང་ཚོ་མྱུར་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད།

ན་ནིང་ཕྱི་ཟླ་༡༢ ནང་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གིས། ས་གནས་བོད་མིས་ཡི་རངས་རྒྱབ་སྐྱོར་གནང་བའི་སྤྱི་ཚོགས་ཀྱི་འགོ་ཁྲིད་ཨ་ཉ་སེང་སྒྲར། “སྙད་འཚོལ་འཁྲུག་སློང”དང“མི་དམངས་བསྡུ་རུབ་ཀྱིས་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་བཏང”རབས་ཀྱི་ནག་ཉེས་བཙུགས་ཏེ་མི་ལོ་༧ གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་རེད།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་གསལ་ལྟར་ན། མགོ་ལོག་ཁུལ་མི་དམངས་ཁྲིམས་ཁང་ཟེར་བས། ཕྱི་ཟླ་༤ ཚེས་༢༧ ཉིན་གྱི་བོད་ནང་ཆུ་ཚོད་༩ དང་སྐར་མ་༣༠ ཐོག་ཨ་ཉ་སེང་སྒྲའི་གོང་གཏུག་གི་ཁྲིམས་ར་འཚོགས་འཆར་བྱས་ཀྱང་། ཁྲིམས་དཔོན་ལ་ནད་ཕོག་པའི་རྐྱེན་གྱིས། གོང་གཏུག་གི་ཁྲིམས་ཞིབ་གློ་བུར་དུ་དུས་ངེས་མེད་ལ་ཕྱིར་འགྱང་བཏང་འདུག སྤྱིར་ཁྲིམས་ཁང་གི་བརྡ་སྦྱོར་ནང་དུ། ཕྱི་ཟླ་༤ ཚེས་༢༡ ཉིན་ཨ་ཉ་སེང་སྒྲའི་ཁྲིམས་རྩོད་པ་ལིན་ཆི་ལི་མགོ་ལོག་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་རར་འབྱོར་དགོས་པའི་བརྡ་སྦྱོར་བཏང་ཡོད་པ་རེད།

གྱོད་དོན་གོང་གཏུག་གི་ཁྲིམས་ར་འཚོགས་རྒྱུ་དུས་ངེས་མེད་ལ་ཕྱིར་འགྱང་བཏང་བ་ཡིས། ཨ་ཉ་སེང་སྒྲའི་གྲོགས་ཉེ་དུ་དང་རྒྱབ་སྐྱོར་གནང་མཁན་ཚོར་བློ་འཚུབ་བཟོས་ཡོད། གོང་གཏུག་གི་ཁྲིམས་ར་འཚོགས་རྒྱུ་ནར་འགྱང་གཏོང་དོན་ནི། རྒྱ་གཞུང་གིས། ཉེས་མེད་བཙོན་འཇུག་འོག་གི་ཨ་ཉ་སེང་སྒྲ་དང་ཁོང་གི་རོགས་པ་ཚོར་དྲང་བདེན་གྱི་ཁྲིམས་ཞིབ་དག་འབུལ་མི་བྱེད་པའི་ཆེད་དུ་ཡིན་ངེས་རེད།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་ཁྲིམས་འགལ་བཀག་བསྐྱིལ་འོག་གི་ཨ་ཉ་སེང་སྒྲ་དང་ཁོང་གི་རོགས་པ་བསོད་དུང་དང་། ཅིན་ཁྲུན། ཨ་ཞོལ། རྡོ་བཟང་། དབང་རྒྱལ། རྒྱལ་མཚན། ལྔོག་བྷེ། ཨོ་རྒྱན་ཚེ་རིང་། དབང་ཆེན་དང་བཅས་པ་མྱུར་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། ཁོང་ཚོས་ས་གནས་སྲིད་གཞུང་གི་ལྐོག་ཟ་རུལ་སུངས་ཐེར་འདོན་བྱས་པའི་རྐྱེན་གྱིས་འཛིན་བཟུང་བཀག་ཉར་ཐེབས་པ་རེད། རྒྱ་གཞུང་གི་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལུགས་ཀྱི་དྲག་ཆས་སྤྲས་ཏེ། ཞི་བའི་ཐོག་ནས་འདོད་མོས་མེད་པའི་རྣམ་འགྱུར་སྟོན་མཁན་དང་། ཏང་དང་རྒྱལ་ཁབ་ཀྱི་ནོར་འཁྲུལ་ལ་སྐྱོན་བརྗོད་གནང་མཁན་ཚོ་ཚར་གཅོད་གཏོང་གི་ཡོད།

ཨ་ཉ་སེང་སྒྲ་གྲགས་འགུལ་མི་ཐུབ་པ་བཟོ་ཆེད་དང་། ཁོང་གིས་གཞི་རིམ་ས་གནས་སྲིད་གཞུང་གི་རུལ་སུངས་ལ་འགོག་རྒོལ་དང་ཐེར་འདོན་བྱེད་པའི་ལས་འགུལ་དང་དེའི་གྲུབ་འབྲས་ལ་གཏོར་བརླག་གཏོང་ཆད། ས་གནས་སྲིད་གཞུང་གི་འཁྱོག་བཤད་གཡོ་ཇུས་འོག་ཏུ་ཨ་ཉ་སེང་སྒྲ་དང་ཁོང་གི་རོགས་པ་ཚོར་མི་ལོ་༧ གྱི་ཁྲིམས་ཆད་བཙན་འགེལ་བྱས་ཡོད། ཁོང་ཚོར་ནག་མེད་ཉེས་འཛུགས་བྱས་པའི“སྙད་འཚོལ་འཁྲུག་སློང”དང“སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག”ཟེར་བ་དེ་ལ་གསལ་ཁ་ཅི་ཡང་མེད་ཁར། ཉེ་བའི་ཆར་ནས་རྒྱ་གཞུང་གིས་ནག་མེད་ཉེས་འཛུགས་བྱེད་ཐབས་དེ་ནི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཞི་རྒོལ་ལས་འགུལ་བ་ཚོར་སྡུག་སྦྱོང་མནར་གཅོད་གཏོང་ཐབས་སུ་ཡང་ནས་བསྐྱར་དུ་བེད་སྤྱོད་མུས་ཡིན་པ་རེད།

དེར་མ་ཟད། རྒྱ་ནག་ས་གནས་སྲིད་གཞུང་གིས། རྒྱལ་ཡོངས་སུ་ལག་བསྟར་བྱེད་ཀྱིན་པའི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཟེར་བ་བེད་སྤྱད་ནས། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཁྲིམས་རྩོད་པའི་ཞུ་ཡིག་འགོག་སྡོམ་དང་ཕྱིར་འགྱང་བཏང་སྟེ། དྲང་བདེན་གྱི་ཁྲིམས་ཞིབ་ལ་ངོས་ལེན་མི་བྱེད་པར། ཨ་ཉ་སེང་སྒྲ་དང་ཁོང་གི་རོགས་པ་ཚོར་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཅད་ཡོད། ཨ་ཉ་སེང་སྒྲ་དང་ཁོང་གི་རོགས་པ་ཚོ“རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང”༼དེའི་འོག་ཏུ་ཏང་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་ལྷིང་གཙུག་ཆེར་བཟུང་ནས། ཁྲིམས་ཞིབ་དང་ཁྲིམས་རྩོད་པར་རང་དབང་ཅི་གང་མེད་པ་རེད།༽ཟེར་བའི་འོག་ཏུ་གནོད་འཚེ་ཐེབས་མཁན་མང་པོའི་གྲས་སུ་ཚུད་ཡོད།

ཁྲིམས་ཁང་གི་བརྡ་ཐོ།