28/09/2020

རྒྱ་གཞུང་གིས་ཁམས་རྟའུ་རྫོང་གི་ཞང་འབྲོག་ཁུལ་ཡོངས་སུ་གཞི་རྒྱ་ཆེ་བའི་དམ་དྲག་སྲིད་ཇུས་སྤེལ་བཞིན་འདུག

  •   
  •  
  •  
  •  
  •  
  •  
  •  
201003311205132149
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་མཁར་གྲོང་གི་འདྲ་པར། དྲ་རྒྱའི་པར།

འདི་ལོའི་ ༧ གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན། ཁམས་རྟའུ་རྫོང་དུ་རྒྱ་གཞུང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ས་གནས་བོད་མིའི་བསང་གསོལ་མཆོད་འབུལ་ལ་བཀག་སྡོམ་བྱས་ཏེ། ས་གནས་མང་ཚོགས་ཐོག་མེ་མདའ་བརྒྱབ་ནས་བོད་མི་མང་པོར་རྨས་སྐྱོན་བཟོས་པ་དང་། བོད་མི་སྐྱ་སེར་མང་པོར་གཅར་རྡུང་དང་འཇུ་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། ཉེ་ཆར་རྟའུ་རྫོང་དུ་ཟླ་གཅིག་ལྷག་རིང་རྫོང་ཡོངས་སུ་རིམ་པ་སོ་སོ་དང་སྡེ་ཁག་སོ་སོར་རྩ་འཛུགས་དང་ལས་བགོས་བྱས་ཐོག ས་གནས་གཞི་རིམ་ཞང་འབྲོག་ཁུལ་དུ་ལས་དོན་ལ་ཞིབ་བཤེར་དང་། གནད་དོན་འཚོལ་ཞིབ། རྒྱུ་རྐྱེན་ལ་དབྱེ་ཞིབ་བཅས་བྱས་ཏེ། གཞི་རིམ་ཀྱི་སྤྱི་ཚོགས་སྲ་བརྟན་དང་སྒྲིག་གཞི་འཐུས་ཚང་། དམར་ཤོག་རྩ་འཛུགས་དང་ལས་བྱེད་དཔུང་ཁག་སྔར་བའི་མཉམ་འབྲེལ་བྱེད་པ་བཅས་ཀྱི་གཞི་རྒྱ་ཆེ་བའི་སྤྱི་ཚོགས་དམ་དྲག་ལས་འགུལ་ཞིག་སྤེལ་མགོ་བརྩམས་ཡོད་པ་ཟད། རྟའུ་རྫོང་ཁོངས་སུ་རྒྱ་ནང་ནས་ལག་རྩལ་ནང་འདྲེན་ཐོག་ཉེན་སྲུང་ལྟ་རྟོགས་ཁང་ ༥ གསར་རྒྱག་བྱ་བཞིན་ཡོད་འདུག
དཀར་མཛེས་ཉིན་རེའི་གསར་ཤོག་གིས་གནས་ཚུལ་སྤེལ་བའི་ནང་། རྟའུ་རྫོང་དུ་སྤེལ་བཞིན་པའི་གཞི་རྒྱ་ཆེ་བའི་དམ་དྲག་ལས་གཞི་དེར་ནང་དོན་གཙོ་བོ་ཁག་ལྔ་བཀོད་འདུག་པའི་ཁྲོད། དང་པོ། ཞང་དང་གྲོང་བརྡལ་རིམ་པའི་ལས་བྱེད་དྲག་འདེམས་བྱས་ཏེ། གཞི་རིམ་ས་ཁུལ་དུ་རྒྱ་གཞུང་གི་ལས་བྱེད་པའི་དཔུང་ཤུགས་སྲ་བརྟན་མེད་པའི་གནད་དོན་སེལ་རྒྱུ་དེ་རེད།
དེའི་ཐད་ལ་ཞང་དང་གྲོང་བརྡལ་དུ་ལས་ཀ་སྒྲུབ་པའི་ཉམས་མྱོང་མེད་པའི་ལས་བྱེད་རྣམས་ས་གནས་རྫོང་གི་སྡེ་ཚན་ཁག་ཏུ་བསྐོ་འཐེན་བྱས་མི་ཆོག་པ་དང་། གཞི་རིམ་དུ་བསྐྱོད་མྱོང་མེད་པའི་རྫོང་རིམ་པའི་སྡེ་ཁག་གི་ཧུར་བརྩོན་ཅན་གྱི་ལས་བྱེད་རྣམས་དང་། གཞུང་ཞབས་ནང་གསར་དུ་ཞུགས་པའི་ལས་བྱེད་ཡོང་རྫོགས་ཞང་དང་གྲོང་བརྡལ་ཁག་ཏུ་གཏོང་དགོས་པ། སློབ་ཆེན་མཐར་ཕྱིན་གྱི་སྡེ་དཔོན་དང་ལས་ཡུན་ལོ་ ༢ ལོན་མེད་པའི་གཞུང་ཞབས་རིགས་ལ་ཉམས་མྱོང་སྤྲད་དེ། གཞི་རིམ་ས་ཁུལ་དུ་རྒྱ་གཞུང་ལས་བྱེད་པའི་དཔུང་ཤུགས་རྒྱ་བསྐྱེད་དགོས་པ་མ་ཟད།
གནད་འགག་ཅན་གྱི་ཞང་དང་གྲོང་བརྡལ་གྱི་དམར་ཤོག་དྲུང་ཆེ་དང་རྒྱུན་ལས་དྲག་འདེམས་དང་ལེགས་སྒྲིག་བྱས་ཏེ། ལོ་གསུམ་རེའི་ནང་དུ་ཞང་དང་གྲོང་བརྡལ་རིམ་པའི་ལས་བྱེད་ཡོངས་རྫོགས་བརྗེ་སྤོར་ཐེངས་གཅིག་བྱེད་དགོས་པ། མ་འོངས་པར་གནད་ཡོད་ཞང་དང་གྲོང་བརྡལ་གྱི་དམར་ཤོག་དྲུང་ཆེ་དང་ཞང་དཔོན་འཁུར་མྱོངས་མཁན་གྱིས་རྫོང་གི་དཔོན་རིགས་ལས་བྱེད་ཀྱི་བརྒྱ་ཆ་ ༥༠ ཟིན་དགོས་པ་དང་། རྟའུ་རྫོང་གི་ཞང་དང་གྲོང་བརྡལ་ཁུལ་གྱི་སྤྱི་ཚོགས་བརྟན་བརླིང་ལས་དོན་གལ་ཆེར་འཛིན་དགོས་པ།
གཉིས་པ། ས་གནས་སྡེ་བ་རིམ་པའི་དམར་ཤོག་རྩ་འཛུགས་ལ་ཤུགས་བསྣན་ཏེ། གཞི་རིམ་ས་ཁུལ་བརྟན་བརླིང་མིན་པའི་གནད་དོན་སེལ་དགོས་པ་དེ་རེད།
དེའི་ཐད་ཀྱི་ལས་དོན་གཙོ་བོ་ནི་སྡེ་བའི་དམར་ཤོག་ལྷན་ཁང་དང་སྡེ་དམངས་ལྷན་ཁང་གི་འཐུས་མི་རྣམས་བརྗེ་སྤོར་འདེམས་སྒྲིག་ཐད་དོ་དམ་ནན་མོ་བྱས་ཏེ། ཁོ་ཚོའི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་བཟོ་རྒྱུ་དེ་དམིགས་ཡུལ་དང་པོར་འཛིན་དགོས་པ་དང་། ལངས་ཕྱོགས་བརྟན་པོ་མིན་པ་དང་རྣམ་འགྱུར་ཡག་པོ་མེད་པའི་སྡེ་བའི་ལས་བྱེད་རྣམས་བརྗེ་བོ་རྒྱག་དགོས་པ་མ་ཟད། རྒྱབ་ལྗོངས་ཡིག་ཆ་ཁག་ལ་ཞིབ་བཤེར་བརྒྱུད་རྗེས་ཕྱོགས་ཆབ་སྲིད་ལངས་ཕྱོགས་བརྟན་པོ་ཡིན་པའི་ལས་བྱེད་དྲག་འདེམས་བྱེད་དགོས་པ།
ལོ་ལྟར་སྡེ་བའི་དམར་ཤོག་དྲུང་ཆེ་དང་། སྡེ་དཔོན། རྩིས་དྲུང་། འཆར་ལྡན་བུ་སྐྱེས་འགན་འཛིན་བཅས་བཞི་དང་། དེ་བཞིན་རུ་ཁག་སོ་སོའི་རུ་གཙོ་སོགས་བརྗེ་སྤོར་བྱེད་དགོས་ལ། ཞང་དང་གྲོང་བརྡལ་གྱི་དམར་ཤོག་རྒྱུན་ལས་ཀྱིས་སྡེ་བའི་ལས་བྱེད་ཚོའི་ལས་ཀར་ཞིབ་བཤེར་བྱས་ཏེ། མི་རིགས་ཁ་བྲལ་གྱི་དོན་རྐྱེན་བྱུང་མཁན་གྱི་སྡེ་བའི་ལས་བྱེད་ཡོངས་ཀྱི་ཕོགས་དངུལ་མེད་པ་བཟོ་རྒྱུ། སྡེ་བ་སོ་སོའི་དམར་ཤོག་གིས་སྣེ་ཁྲིད་དེ་དུས་ཚིགས་རེའི་ནང་ལས་འགུལ་གཅིག་དང་ཚོགས་འདུ་གཅིག་རེ་ཚོགས་དགོས་པ་དང་། ལོ་ཕྱེད་ཀ་རེའི་ནང་དམར་ཤོག་མི་སྣ་ ༣ རེ་ཆེད་དུ་གདན་ཞུ་བྱས་ཏེ་མང་ཚོགས་ཀྱི་ཚོགས་འདུར་མཉམ་ཞུགས་ཐོག སྡེ་བ་རིམ་པའི་དམར་ཤོག་པའི་རྩ་འཛུགས་སྲ་བརྟན་དང་དམར་ཤོག་མི་སྣའི་གོ་གནས་འཕར་སྣོན་ལ་ཤུགས་རྒྱག་དགོས་པ།
གསུམ། ཞང་འབྲོག་ཁྱིམ་ཚང་དུ་ཉིན་ ༡༠ རིང་གཞུང་གི་ལས་བྱེད་འདུག་སྡོད་བྱས་ཏེ། གཞུང་ཞབས་དང་མང་ཚོགས་བར་མཐུན་ལམ་ཡག་པོ་མེད་པའི་གནད་དོན་སེལ་དགོས་པ་དེ་རེད།
དེའི་ཐད་ལ་རྒྱ་གཞུང་ལས་བྱེད་རྣམས་སྡེ་བ་དང་ཁྱིམ་ཚང་། དགོན་པ་གསུམ་གྱི་ནང་སོང་སྟེ། མང་ཚོགས་ལྷན་དུ་མཉམ་འདུག མཉམ་ཟ། མཉམ་ལས་བཅས་བྱས་ཏེ་མང་ཚོགས་དང་འབྲེལ་བ་འཛུགས་དགོས་པ་དང་། རྫོང་རིམ་པའི་ལས་བྱེད་རྣམས་ཀྱིས་ལོ་ལྟར་ཞང་དང་གྲོང་བརྡལ་ཁག་ཏུ་འབྲེལ་བ་བྱས་ཏེ། ཉུང་མཐར་ཐེངས་ ༢ ལ་གཞི་རིམ་སྡེ་བ་ཁག་ནང་སོང་སྟེ་ཞང་འབྲོག་ཁྱིམ་ཚང་བརྒྱ་ཆ་ ༣༠ ནང་བསྐོར་བསྐྱོད་དགོས་པ། དུས་ཚིགས་རེའི་ནང་ལས་བྱེད་དཔུང་ཁག་ཁྲིད་དེ་གནད་དོན་རྙོག་འཛིང་ཆེ་བའི་སྡེ་བར་སོང་ནས། སྡེ་དམངས་དང་ལྷན་དུ་ཉུང་མཐར་ཉིན་ ༡༠ རིང་འདུག་དགོས་པ་དང་། དུས་ཚིགས་རེར་སྡེ་བའི་ནང་ཚོགས་འདུ་གཅིག་རེ་སྐོང་དགོས་པ།
དེ་བཞིན། གཞུང་འབྲེལ་སྡེ་ཁག་སོ་སོས་ལས་བྱེད་མི་ ༢ ནས་ ༥ བར་ཚོགས་ཆུང་རེ་བཟོས་ཏེ། དུས་ཚོད་གཏན་འཁེལ་གྱིས་སྡེ་བ་སོ་སོའི་ནང་འཁོར་བསྐྱོད་བྱས་ཏེ། ཁྱིམ་ཚང་སོ་སོའི་ནང་ཉུང་མཐར་ཉིན་ ༡༠ རིང་ལ་འདུག་སྡོད་ལྟ་རྟོག་བྱེད་དགོས་པ།
བཞི་བ། སྡེ་བ་སོ་སོར་ཁག་བགོས་འགན་ལེན་གྱི་ལམ་ལུགས་བཟོས་ཏེ། སྤྱི་ཚོགས་དོ་དམ་ནུས་པ་ཞན་པའི་གནད་དོན་ཐག་གཅོད་དགོས་པ་དེ་རེད།
དེའི་ཐད་ལ་རྟའུ་རྫོང་གི་ཞང་དང་གྲོང་བརྡལ་བཅས་ཀྱི་དམར་ཤོག་དང་གཞུང་གི་མགོ་ཁྲིད་མཐོ་ཤོས་དང་། རྫོང་རིམ་པའི་སྡེ་ཁག་སོ་སོ། ཞིང་ཆེན་དང་ཁུལ་རིམ་པའི་སྲིད་འཛིན་ཁེ་ལས་སྡེ་ཁག་དག་གི་མགོ་གཙོ་དང་པོ་བཅས་སྡེ་བ་སོ་སོར་ཆ་བགོས་འགན་ལེན་བྱས་ཐོག རྟའུ་རྫོང་གི་སྤྱི་ཚོགས་བརྟན་བརླིང་དང་མང་ཚོགས་ཀྱི་ལས་དོན་གཉིས་ལ་ཁག་ལེན་བྱས་ཏེ། སྡེ་བ་སོ་སོའི་ནང་རྒྱ་གཞུང་གི་སྲིད་ཇུས་དྲིལ་སྒྲོག་དང་གཞི་རིམ་དུ་དམར་ཤོག་རྩ་འཛུགས་སོགས་ཀྱི་ལས་དོན་སྒྲུབ་དགོས་པ།

ལྔ་པ། ལྟ་སྐུལ་ཞིབ་བཤེར་ནན་མོ་བྱས་ཏེ་ལས་དོན་ལག་བསྟར་བྱས་པ་མི་འདང་པའི་གནད་དོན་སེལ་དགོས་པ་དེ་རེད།
དེའི་ཐད་ལ་རིམ་པ་མང་ལ་རྣམ་པ་མི་འདྲ་བའི་ལྟ་སྐུལ་ཞིབ་བཤེར་གྱི་ལས་གཞི་རྣམ་གྲངས་མང་པོ་སྤེལ་ཏེ། སྡེ་བ་སོ་སོར་ཆ་བགོས་ཀྱིས་འགན་ལེན་དང་ཁྱིམ་ཚང་སོ་སོར་ཁ་གཏད་འབྲེལ་བ་འཛུགས་པ། སྡེ་བའི་ལས་བྱེད་ཀྱི་ལོ་རེའི་ལས་དོན་ལ་ཞིབ་བཤེར། མི་སྒེར་གྱི་གོ་གནས་བསྐོ་འཐེན་སོགས་ཕན་ཚུན་གཅིག་ལ་གཅིག་སྦྲེལ་བྱས་ཐོག མང་ཚོགས་རང་བཞིན་གྱི་དོན་རྐྱེན་དང་ཛ་དྲག་གི་གནད་དོན་བྱུང་བའི་སྡེ་བར་ཚབས་ཆེ་ཆུང་ལ་གཞིགས་ཏེ། རྫོང་དང་ཞང་། སྡེ་བ་བཅས་ཀྱི་ཁག་ལེན་ལས་བྱེད་པའི་ལོ་འཁོར་བྱ་དགའ་དང་གླ་ཕོགས་ཉུང་འཕྲི་ཆད་གཅོད་བྱ་རྒྱུ། མི་རིགས་ཁ་བྲལ་གྱི་ལས་འགུལ་སྤེལ་མཁན་གྱི་སྡེ་བར། རྫོང་དང་ཞང་། སྡེ་བ་བཅས་ཀྱི་ཁག་ལེན་ལས་བྱེད་པའི་ལོ་འཁོར་བྱ་དགའ་དང་གླ་ཕོགས་ཡོངས་རྫོགས་མེད་པ་བཟོ་རྒྱུ་མ་ཟད། གནས་དོན་གྱི་གཞིགས་ཏེ་གོ་གནས་བརྗེ་སྤོར་དང་ལས་གནས་ནས་འཕུད་པ། དུས་ཐུང་རིང་ཆད་གཅོད་བཀག་སྡོམ་བྱེད་པ་སོགས་བྱས་ཏེ། གཞི་རིམ་ཞང་འབྲོག་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་ལས་དོན་དམ་འཛིན་ཁག་ལེན་བྱེད་དགོས་པའི་སྐོར་སོགས་བཀོད་འདུག
དེ་བཞིན། རྒྱ་གཞུང་གིས་ཉེ་ཆར་སྤེལ་བའི་གནས་ཚུལ་གཞན་ཞིག་གི་ནང་དུ། རྟའུ་རྫོང་གིས་སྤྱི་ཚོགས་དོ་དམ་ལམ་ལུགས་ཡུན་རིང་སྲ་བརྟན་དང་དོ་དམ་སྒྲིག་གཞི་འཐུས་ཚང་གཏོང་ཆེད། བོད་སྐྱོར་ལས་དོན་རུ་ཁག་གིས་ཟི་ཁྲོན་ཕའེ་རྫོང་དང་ཏུའུ་ཅང་ཡོན་གྲོང་གྱི་ཉེན་སྲུང་ལྟ་རྟོག་ཁང་གི་ཉམས་མྱོང་དང་ལག་ལེན་ལ་དཔེ་ལྟ་དང་། ས་གནས་དེ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་ཐོག རྟའུ་རྫོང་ཁོངས་སུ་ཉེན་སྲུང་ལྟ་རྟོག་ཁང་ ༥ གསར་འཛུགས་བྱས་ཏེ། རྫོང་ཡོངས་ཀྱི་སྤྱི་ཚོགས་དང་དྲ་རྒྱར་དོ་དམ་བྱེད་པའི་མ་ལག་གསར་འཛུགས་བྱ་རྒྱུ་ཡིན་པ་དང་། ལྟ་སྲུང་ཁང་གི་ཕྱིའི་རྣམ་པ་དང་ནང་གི་སྒྲིག་བཀོད་སོགས་གཏན་ཁེལ་བྱས་ཟིན་ཏེ། ཕྱི་ཟླ་ ༦ ནས་ལས་གཞི་མགོ་བཙུགས་ཡོད་ལ། ཉེན་སྲུང་ལྟ་རྟོག་ཁང་གསར་འཛུགས་ལེགས་གྲུབ་བྱུང་རྗེས། རྒྱ་ནག་ཟི་ཁྲོན་ཕེན་རྫོང་དང་ཏུའུ་ཅང་ཡོན་ཉེན་རྟོག་ཁང་གིས་ལས་དོན་སྒྲུབ་ཕྱོགས་ཐད་ཆེད་སྦྱོང་སྤྲད་དེ། རྟའུ་རྫོང་ཉེན་སྲུང་ལྟ་རྟོག་ཁང་སོ་སོའི་ནང་དུས་རྒྱུན་མི་སྣ་ ༥ ནས་ ༡༠ བར་རེས་མོས་ཀྱིས་ལས་ཀ་མགོ་རྩོམ་རྒྱུ་ཡིན་པ་དང་། ཉེན་སྲུང་ལྟ་རྟོག་ཁང་ནང་གློག་ཀླད་གོ་སྒྲིག་གིས་ཉེན་རྟོག་པའི་དྲ་བ་དང་ཐད་ཀར་སྦྲེལ་ཏེ། གཞི་རིམ་གྱི་ཉེན་རྟོག་རྨང་གཞི་དང་སྤྱི་ཚོགས་ཉེན་སྲུང་ལྟ་རྟོག་ལ་ཤུགས་བསྣན་དེ། ཚོགས་སྡེ་རང་བཞིན་གྱི་དོ་དམ་དང་དྲ་རྒྱ་རང་བཞིན་གྱི་དོ་དམ། དམག་ཆས་གྱོན་མེད་པའི་ཉེན་རྟོག་ཞབས་ཞུ་སོགས། ཉེན་སྲུང་ལྟ་རྟོག་གི་ལས་དོན་ནི་རྟའུ་རྫོང་གི་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་འགན་ཨང་དང་པོ་རུ་འཛིན་དགོས་པའི་སྐོར་བརྗོད་འདུག
ནམ་རྒྱུན་རྒྱ་གཞུང་གིས་རྒྱལ་སྤྱིའི་སྒང་བོད་ཁུལ་ཡར་རྒྱས་བཏང་སྟེ་བོད་མི་རིགས་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་བཞིན་ཡོད་སྐོར་དྲིལ་བསྒྲགས་བྱེད་བཞིན་ཡོད། ཡིན་ནའང་། གོང་གསལ་རྟའུ་རྫོང་དུ་རྒྱ་གཞུང་གིས་སྤེལ་བཞིན་པའི་དམ་དྲག་དབང་སྒྱུར་གྱི་སྲིད་ཇུས་དེ་ལས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དེ་ནི་བོད་མི་རིགས་ལ་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ཤིག་ཡིན་པ་གསལ་བོར་མངོན་ཡོད་པ་ལྟར། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ཞི་རྒོལ་ཆེན་མོ་བྱུང་བ་དང་། ༢༠༠༩ ལོ་ནས་བཟུང་རང་ལུས་མེར་བསྲེགས་ཀྱི་ཞི་བའི་ངོ་རྒོལ་རིམ་པར་བྱུང་རྗེས། རྒྱ་གཞུང་གིས་བོད་ཀྱི་གཞི་རིམ་ས་ཁུལ་དག་ཏུ་སྔར་ལས་ལྷག་པའི་དམག་མི་འགྲེམས་འཇོག་དང་། སྡེ་བའི་ནང་གཞུང་ཞབས་གཏན་སྡོད། སྔོན་ཐོན་གཉིས་ལྡན་གྱི་དུད་ཁྱིམ་འདེམས་སྒྲིག གཞི་རིམ་སྲ་བརྟན་ལས་གཞི་རྒྱ་བསྐྱེད། ཏང་སྲིད་དམག་ཁེ་ལས་མཉམ་འབྲེལ་གྱི་སྡེ་གསར་འཛུགས་བསྐྲུན། ཉེན་སྲུང་ལྟ་རྟོག་ཁང་མང་པོ་གསར་རྒྱག དྲ་བ་རང་བཞིན་ཅན་གྱི་སྤྱི་ཚོགས་དོ་དམ་ལམ་ལུགས་རྒྱ་བསྐྱེད་སོགས་སྲིད་ཇུས་འདྲ་མིན་སྤེལ་ཏེ། བོད་རིགས་མི་ཚང་རེ་རེ་བཞིན་ལྟ་རྟོག་བཀག་སྡོམ་བྱས་ཏེ། བོད་ཁུལ་ཡོངས་སུ་དམ་དྲག་ལས་འགུལ་གཞི་རྒྱ་ཆེ་རུ་གཏོང་བཞིན་ཡོད།
སྤྱིར་རྒྱ་གཞུང་གིས་བོད་ས་བཙན་བཟུང་དབང་སྒྱུར་བྱས་པ་ནས་ད་ལྟའི་བར་དུ། བོད་ཞི་བའི་བཅིང་འགྲོལ་དང་བོད་ཁུལ་འཛུགས་བསྐྲུན་གྱི་ཁ་གཡང་འོག བོད་མིའི་ཆབ་སྲིད་དང་རིག་གནས། དཔལ་འབྱོར། མི་འབོར་སོགས་ཕྱོགས་ཡོངས་ནས་བཙན་ཤུགས་ཀྱིས་དབང་བསྒྱུར་བྱས་ཏེ། བོད་མི་རིགས་ཀྱི་ཁེ་དབང་དང་ཐོབ་ཐང་ཡོངས་རྫོགས་བཙན་འཕྲོག་བྱེད་བཞིན་ཡོད་ལ། ལྷག་པར་དུ་དེང་སྐབས་ཕྱོགས་གཅིག་ནས་རྒྱ་ནང་ཞིང་ཆེན་དང་གྲོང་ཁག་གིས་ཐད་ཀར་ཁ་གཏད་རོགས་སྐྱོར་ཅེས་པའི་མིང་ཐོག་ནས། བོད་ནང་དུ་རྒྱ་མི་གཞུང་ཞབས་པ་དང་ལས་ཀ་བ་མང་པོ་ཆེད་གཏོང་གིས་གཏེར་ཁ་བསྔོག་འདོན་དང་གློག་ཁང་གསར་རྒྱག། མཁར་གྲོང་རྒྱ་བསྐྱེད་དེ་རྒྱ་མི་མང་པོ་བོད་ནང་གནས་སྤོར་གྱིས་གཞིས་ཆགས་ཐབས་བྱེད་ཀྱི་ཡོད་ལ། ཕྱོགས་གཞན་ཞིག་ནས་བོད་ཁུལ་གྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལ་ཁ་གཡར་ནས། བོད་ཁུལ་གྱི་ཞིང་འབྲོག་ཁྱིམ་ཚང་རྣམས་ཀྱི་ཞང་ས་དང་ཕྱུགས་གྲགས་ཉུང་འཕྲི་བྱེད་བཅུག་སྟེ། བོད་མི་རྣམས་མར་གྲོང་ཁྱེར་དུ་ཕབ་ནས་རྒྱ་རིགས་དང་མཉམ་བསྲེས་ཀྱིས་བོད་མི་རིགས་ཀྱི་ཐུན་མིན་ཡུལ་སྲོལ་རིག་གནས་རྩ་མེད་གཏོང་ཐབས་བྱེད་ཀྱིན་ཡོད། རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་དེ་དག་ལ་བརྟེན་ནས། བོད་ནང་དུ་འདས་པའི་ལོ་ངོ་ལྔ་བཅུ་ལྷག་གི་རིང་རྒྱ་གཞུང་གི་དབང་སྒྱུར་ལ་ངོ་རྒོལ་གྱི་ལས་འགུལ་རྒྱུན་མ་ཆད་པར་རིམ་པར་བྱུང་བཞིན་ཡོད།