14/12/2019

རྒྱ་གཞུང་གིས་ཁམས་འབྲི་རུ་རྫོང་ནས་བོད་མི་ཞིག་འཛིན་བཟུང་དང་ས་གནས་ཡུལ་མི་རྣམས་ཀྱི་རང་དབང་བཙན་འཕྲོག་བྱེད་བཞིན་པའི་གནས་ཚུལ།

  •   
  •  
  •  
  •  
  •  
  •  
  •  

གྲྭ་བསྟན་འཛིན་ལྷུན་གྲུབ་ཀྱི་སྐུ་པརཁམས་འབྲི་རུ་རྫོང་བརླན་ཆུ་ཤང་འགོམ་དགོན་གསར་དགོན་པའི་གྲྭ་བསྟན་འཛིན་ལྷུན་གྲུབ་ལགས་འདི་ལོའི་ཟླ་ ༥་ ནང་ཤག་ཆུ་གྲོང་དུ་ཕེབས་སྐབས། མི་དམངས་གིས་ཞུས་དོན་ལྟར་མི་རིགས་དང་སྐད་ཡིག་གི་གནས་བབས་སྐོར་ལ་བཀའ་སློབ་ཅིག་གནང་བཞིན་པའི་དུས་སུ་རྒྱ་མིའི་ཉེན་རྟོག་པས་བཙན་འཁྲིད་བྱས་ཡོད་འདུག

གྲྭ་བསྟན་འཛིན་ལྷུན་གྲུབ་ལགས་ནི་ཤག་ཆུ་ཤང་དགེ་སྣེ་གྲོང་ནས་ཡིན་ལ་ཆུང་དུས་ནས་འགོམ་དགོན་གསར་དགོན་དུ་འཛུལ་ཞུགས་བྱས་པ་དང་།༢༠༠༢ ཡས་མས་ནས་འབྲི་གུང་མཐིལ་སོགས་སུ་སྒྲུབ་པར་བཞུགས་ལ་མཉམ་དུ་ནང་པའི་གཞུང་ལུགས་གཙོ་བའི་རིག་གནས་ཐུན་མོང་ལ་གསན་བསམ་མཛད། ཕྱིེས་སུ་རང་ཡུལ་དུ་ཕྱིར་ཕེབས་ནས་རང་དགོན་འགོམ་དགོན་གསར་དགོན་དུ་ཚོགས་བླའི་འགན་ཁུར་བར་མ་ཟད་ཞོར་དུ་གྲྭ་བ་རྣམས་ལ་འཆད་ཁྲིད་དང་། ལྷག་དཀར་ཉིན་མོར་གྲོང་པ་ཁག་གི་ནང་དུ་ནང་ཆོས་ངོ་སྤྲོད་དང་རྩོད་པ་འདུམས་སྒྲིག དེ་མིན་དཀར་ཟས་ལ་སྤྱོད་པའི་བསྐུལ་མ་གནངས་བ་སོགས་ཆོས་སྲིད་ཁྲིམས་གསུམ་ཀུན་དང་མཐུན་པའི་ཡར་བསྐུལ་གྱི་ལས་འགུལ་ཡང་སྣ་མང་སྤེལ་གྱི་ཡོད་པ་རེད། ལྷག་པར་དུ་ཁོང་གིས་ནམ་རྒྱུན་ཡུལ་མི་རྣམས་ལ་མི་རིགས་ཀྱི་ལ་རྒྱའི་སྐོར་ཆོད་སེམས་བརྟན་པོས་ངང་འགྲེལ་བཤད་རྒྱག་བཞིན་ཡོད་པས།ཡུལ་མི་ཚོའི་ངོས་ནས་ཀྱང་ཁོང་ལ་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད་པ་རེད། ན་ནིང་རྒྱ་གཞུང་གིས་ནགས་ལྷའི་གཏེར་ཁ་སྔོགས་འདོན་བྱེད་སྐབས་ཁོང་གིས་ཡུལ་མི་རྣམས་ལ་བཀག་འགོག་བྱེད་དགོས་པའི་སྐུལ་མ་བྱས་ཚུལ་དང། དངོས་སུ་མི་དམངས་ལ་བཀའ་སློབ་གནང་བ་དང་ནགས་ལྷ་སྲུང་སྐྱོབ་བྱེད་མཁན་དག་ལ་ཁ་བཏགས་གཡོགས་པས་རྒྱ་གཞུང་ཧ་ཅང་མ་དགའ་བ་ཆགས་ཡོད་པར་བཤད་ཀྱི་འདུག

ཉེ་སྔོན་ཁོང་རང་བཙན་འཁྲིད་བྱེད་སྐབས་མི་དམངས་གིས་འཛིན་བཟུང་བྱེད་དགོས་པའི་རྒྱུ་རྐྱེན་དྲིས་དུས་ཉེན་རྟོག་པས་ཁོ་ནི་དེ་རིང་གི་གནས་ཚུལ་ཙམ་མིན་པར་ང་ཚོས་ལོ་མང་པོའི་རིང་ལ་ཉམས་ཞིབ་བྱས་པས་ཁོའི་ནག་ཉེས་མང་པོ་གསལ་རྟོགས་བྱུང་ཡོད་སྐོར་དང་ནགས་ལྷ་སྲུང་སྐྱོབ་ལས་འགུལ་སྤེལ་མཁན་གྱི་གྲས་སུ་ཡང་ཡོད་པ་སོགས་བཤད་ནས་ཉེན་རྟོག་པ་དང་དམག་མིས་དགོན་པའི་མཐའ་བསྐོར་ནས་གྲྭ་ཤག་སྔོགས་བཤེར་དང་བཅས་བཙན་འཁྲིད་བྱས་ཡོད་པ་རེད། དེ་ནས་བཟུང་གྲྭ་བསྟན་འཛིན་ལྷུན་གྲུབ་ལགས་ས་ཆ་གང་ཞིག་ཏུ་བཙན་འཁྲིད་བྱས་མིན་དང་ཤི་གསོན་གྱི་གནས་ཚུལ་སོགས་གང་ཡང་ཤེས་རྟོགས་བྱུང་མེད་པ་རེད།ནགས་ལྷ་སྲུང་སྐྱོབ་བྱེད་མཁན་དག་ལ་ཁ་བཏགས་གཡོགས་བཞིན་པའི་རྣམ་པ

རྒྱ་གཞུང་གིས་ཁུལ་དེའི་དུ་ཡུལ་མི་རྣམས་ཀྱི་ཆོས་ལུགས་དད་མོས་དང་སྨྲ་བརྗོད་རང་དབང་། འགྲོ་འདུག་རང་དབང་། དེ་མིན་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སོགས་བཙན་འཕྲོག་བྱེད་བཞིན་པ་འབྲི་རུ་རྫོང་མི་དམངས་སྲིད་གཞུང་གིས་ད་ལོའི་སྤྱི་ཟླ་༦་ནང་གཏན་འབེབས་བྱས་པའི་དོན་ཚན་ཉི་ཤུ་ལྷག་ཅན་གྱི་ཁྲིམས་གཞི་ཞིག་གི་ནང་དུ༼ ཆོས་ལུགས་ལས་རིགས་མི་སྣ་སུ་ཞིག་གིས་རྒྱུ་རྐྱེན་གང་རུང་ལ་ཁ་གཡར་ནས་ས་ཁུལ་གཞན་གྱི་སྨོན་ལམ་ཆེན་མོའི་རིགས་ལ་འཛུལ་ཞུགས་བྱེད་པ་དང་ལྷག་པར་དུ་རྒྱལ་མཚམས་བརྒལ་བའི་རིགས་བྱུང་ན་རང་དགོན་ནས་ཕྱིར་འབུད་དང་ཆོས་ལུགས་ལས་རིགས་ལག་ཁྱེར་ཕྱིར་བསྡུ་བྱེད་རྒྱུ་ཡིན་པར་མ་ཟད།གྲྭ་བཙུན་ཕན་བདེའི་སྲིད་ཇུས་ལས་ཐོབ་ཐང་ཡོད་ཚད་མེད་པར་བྱ་རྒྱུ་ཡིན༽ཞེས་བཀོད་ཡོད་པ་རེད།

གཞན་ཡུལ་མི་རྣམས་ལ་ཡང་༼གལ་ཏེ་ཡུལ་མི་སུ་ཞིག་གིས་དཀྲོག་གཏམ་འདྲ་མིན་སྤེལ་བ་དང་།ཁ་བྲལ་ལ་སྟོད་གླུ་ལེན་པ།རྒྱ་ནག་གིས་བོད་ཐོག་ཏུ་འཛིན་པའི་སྲིད་ཇུས་ལ་དམའ་འབེབས་བྱེད་པ། རྒྱལ་ཁབ་ཀྱི་གསང་བ་ཕྱི་བསྒྲགས་བྱེད་པ།ཕྱི་ཕྱོགས་བོད་མི་ཚོའི་བསྒྲགས་གཏམ་བརྒྱུད་སྤེལ་དང་དེ་ལ་དགའ་ཞེན་བྱེད་པའི་རིགས་ལ་ལོ་གཉིས་རིང་དབྱར་རྩ་དགུན་འབུ་བསྐོ་མི་ཆོག་པ་བཟོ་རྒྱུ་ཡིན་པར་མ་ཟད།དམངས་ཕན་སྲིད་ཇུས་ལས་ཐོབ་ཐང་ཁག་ཀྱང་མེད་པར་བཟོ་རྒྱུ་ཡིན།༽ཞེས་བཀོད་ཡོད་པ་རེད། དེང་སྐབས་རྒྱ་གཞུང་གིས་འབྲི་རུ་ཁུལ་དུ་དམ་དྲག་བྱེད་བཞིན་ཡོད་པ་གནས་ཚུལ་མཁོ་སྤྲོད་མཁན་གྱིས་༼ཕ་ཡུལ་དུ་ཁ་པར་འབྲེལ་ལམ་བཀག་འདུག་པར་མ་ཟད། མདོ་ཁམས་གཙོ་བའི་བོད་ཀྱི་ས་ཕྱོགས་ཁག་ལ་སློབ་གཉེར་དུ་ཕྱིན་པའི་འབྲི་རུའི་སློབ་མ་རྣམས་ཀྱང་ཕྱིར་རང་གནས་སུ་ལོག་དགོས་བ་བྱུང་འདུག༽ཅེས་བརྗོད་སོང་།