17/02/2020

རྒྱ་གཞུང་གིས་༧གོང་ས་མཆོག་གི་གྱ་སྟོན་སྲུང་བརྩི་དང་འབྲེལ་ནས་འཇུ་བཟུང་བྱས་པའི་བོད་མི་བཅུ་ལ་ཁྲིམས་ཐག་ལོ་༦ནས་༡༤བར་བཅད་འདུག

  •   
  •  
  •  
  •  
  •  
  •  
  •  

རྒྱ་ནག་དབང་གྱུར་གྲལ་རིམ་གྱི་བོད་ས་བཅད་བགོས་ལྟར་ན།  ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་ནས་ཡིན་པའི་བོད་མི་བཅུ་སྔར་ལོའི་གྱ་སྟོན་དང་འབྲེལ་ནས་རྒྱ་གཞུང་གིས་འཇུ་བཟུང་བཀག་ཉར་གྱི་ད་ལྟ་དངོས་སུ་ཁྲིམས་ཐག་དུས་ཡུན་ལོ་༦ནས་༡༤་བར་མ་འདྲ་བ་བཅད་ཡོད་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་གསལ་ལྟར་ན། ཁྲིམས་ཐག་བཅད་པའི་བོད་མིའི་ཁྲོད་དུ། དགེ་འདུན་པ་བཞི་དང་། གྲྭ་ཟུར་གཉིས།  བུད་མེད་གཉིས། སྐྱེས་པ་གཉིས་བཅས་ལ་འབར་ཁམས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞེས་པ་ནས་ཁྲིམས་ཐག་བཅད་འདུག  ཁོང་ཚོ་ད་ལྟའི་བར་གསང་བའི་ངང་བཀག་ཉར་གྱིས་ནང་མི་གཉེན་ཉེ་ལ་འབྲེལ་བ་བྱུང་མི་འདུག་ཅིང་། ནང་མི་རྣམས་ཀྱི་ངོས་ནས་ཁོང་ཚོའི་གང་དུ་འཇུ་བཟུང་བྱས་ཡོད་མེད་དང་ཅི་ཕྱིར་བཟུང་མིན་སོགས་ཀྱི་གནས་སྟངས་མ་ཤེས་པར་ཟླ་བ་མང་བོར་ལྷག་འདུག

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་༢༠༡༤ཟླ་༦ཚེས་༢༡ཉིན་(ནུབ་ཕྱོགས་ཀྱི་རྩིས་སྟངས་ལྟར་ནཟླ་༧ཚེས་༦)ཉིན་དགུང་གྲངས་༨༠སོན་པ་དང་།  བོད་ས་ཁྱོན་ཡོངས་དང་ལྷག་པར་རྒྱལ་སྤྱིའི་རྒྱལ་ཁབ་གང་མང་ནས་༧གོང་ས་མཆོག་གི་དགུང་གྲངས་༨༠ཡི་གྱ་སྟོན་གྱི་དགའ་སྟོན་སྲུང་རྩིས་ཤུགས་ཆེར་བྱས་ཡོད།  བོད་ཀྱི་སྲོལ་རྒྱུན་ལྟར་ན། དགུང་ལོ་༨༠སོན་པ་ནི་མི་གཅིག་གི་མི་ཚེ་ནང་གི་གལ་འགངས་ཆེ་བའི་ལོ་ཚིགས་ཤིག་དང་རྟེན་འབྲེལ་གྱི་དགའ་སྟོན་བྱེད་སྲོལ་ཡོད་པ་ཡིན།

གོང་དུ་མི་གྲངས་༡༠ཁྲོད་༦ནི་རྒྱ་གཞུང་གིས་དེ་སྔ་འཇུ་བཟུང་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་ཟུར་རེད་འདུག་པ་འདི་ཡིས།   རྒྱ་གཞུང་གིས་དུས་རྒྱུན་བོད་མིའི་སྟེང་བཙད་ཤེད་ཀྱི་སྒོ་ནས་རྒྱ་གཞུང་གི་ཁ་ཉན་ཚིག་བརྩི་དང་བློ་གཏད་འགྱུར་མེད་ཡོང་ཐབས་ལ་ཤུགས་སྣོན་ཅི་ཙམ་བྱས་ཀྱང་། ཡོང་ཐབས་མེད་པའི་སྲིད་ཇུས་དང་ཕམ་ཉེས་བྱུང་བ་བྱེད་ཐབས་ཞིག་ཡིན་པ་མཚོན་ཐོག  ཡང་ཁོང་ཚོར་སླར་ཡང་ཁྲིམས་ཐག་ལྕི་མོ་བཅད་པ་འདི་ཡིས་རྒྱ་གཞུང་གིས་མུ་མཐུད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་གོང་འཕེལ་གཏོང་འདུན་མེད་པར་དམ་དྲག་བྱེད་བཞིན་པ་བསྟན་ཡོད།

འབྲུག་སྒྲ།
འབྲུག་སྒྲ།

འབྲུག་སྒྲ།  དགུང་ལོ་༥༠ཡིན་པ་ལོ་༡༤ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཅིང་། དེ་ནི་ཁོང་གིས་གོང་ས་མཆོག་གི་གྱ་སྟོན་སྐབས་ཨ་མདོ་རྔ་བར་མི་མང་གི་སྤྲོ་སྐྱིད་སོགས་གོ་སྒྲིག་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་རེད་འདུག  ཁོང་ནི་ལོ་སྔོན་མའི་ཕྱི་ཟླ་༡༡ ཟླ་མཇུག་ཙམ་གྱི་མཚན་མོ་ཞིག་ལ་ཀིརྟི་དགོན་པའི་ནང་གི་གྲྭ་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་ཤིང་། དེ་སྔ་༢༠༠༨ ལོར་ཁོང་འཛིན་བཟུང་གིས་ལོ་༡ དང་ཟླ་བ་༤ ལ་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་པ་དང། ཁོང་ནི་རྔ་བ་རྫོང་སོ་རུ་མ་ནས་རེད་འདུག

བོན་ཁོ་སྐྱིད། རང་ལོ་༤༨ ཡིན་པ་ཁོང་མོར་ལོ་༧ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་ལ། ཁོང་མོ་སྔར་ལོ་༢༠༡༥་ཟླ་༡༡ ཚེས་༢༠ཡས་མས་ཤིག་ལ་འཛིན་བཟུང་བཙན་ཁྲིད་བྱས་འདུག་ལ། ཁོང་གིས་ཀྱང༸གོང་ས་མཆོག་གི་གྱ་སྟོན་སྐབས་ཨ་མདོ་རྔ་བར་མི་མང་གི་སྤྲོ་སྐྱིད་སོགས་གོ་སྒྲིག་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་རེད་འདུག་ཁོང་མོ་དེ་སྔོན་ཕྱི་ལོ་༢༠༡༡ དང་༢༠༡༢ ལོ་སོ་སོར་འཛིན་བཟུང་གིས་ཟླ་བ་ཁ་ཤས་རེ་བཀག་ཉར་བྱས་པ་དང་།  འབྲེལ་ཡོད་གཉེན་ཉེ་ཐབས་ཤེས་སྣ་ཚོགས་བྱས་ཏེ་གློད་གྲོལ་ཐུབ་ཙམ་བྱུང་ཡོད་ཅིང་། རྒྱུན་དུ་ལྟ་སྲུང་འོག་གནས་དགོས་གྱུར་ཡོད།  ཁོང་མོ་ནི་རྔ་བ་རྫོང་ལྷ་སྡེ་འགབ་མ་ནས་ཡིན་ཞིང་ཕ་མིང་ལ་ཡར་འཕེལ་ཡིན་འདུག

བོན་ཁོ་སྐྱིད།
བོན་ཁོ་སྐྱིད།

ཡང་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་མཁས་གྲུབ། རང་ལོ་༤༤ ཡིན་པ་ཁོང་ལ་ལོ་༡༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ཁོང་ནི་ལོ་སྔར་༢༠༡༥ཟླ་༡༢ཡས་མས་ཙམ་ལ་འཛིན་བཟུང་བཀག་ཉར་བྱས་ཤིང་། ཁོང་ལ་༸གོང་ས་མཆོག་གི་གྱ་སྟོན་སྐབས་སྐད་འཕྲིན་ནང་ ༸གོང་ས་མཆོག་ལ་ཞབས་བརྟན་བསྒྲུབས་ཐོ་ལེན་སའི་ཚོགས་པ་བཙུགས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་འདུག

 

གྲྭ་བློ་བཟང་མཁས་གྲུབ།
གྲྭ་བློ་བཟང་མཁས་གྲུབ།

ཁོང་དེ་སྔོན་ཕྱི་ལོ་༢༠༡༡ ལོར་འཛིན་བཟུང་གིས་ལོ་༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ནའང་། བཙོན་ཁང་ནང་དུ་ནད་མནར་དྲག་པོས་རང་མགོ་མི་ཐོན་པར་གྱུར་པས་ལོ་དུས་མ་ཚང་གོང་གློད་གྲོལ་བྱས་འདུག་ལ། ནང་མི་དང་འབྲེལ་ཡོད་སོགས་ཀྱིས་འགྲོ་གྲོན་བཏང་སྟེ་ཡུན་རིང་སྨན་བཅོས་བྱས་མཐར་ཅུང་ཙམ་དྲག་བསྐྱེད་བྱུང་ཡོད་འདུག  ཁོང་ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་ཀྱིས་བསྡུས་རྟགས་ནས་བཟུང་སྟེ་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་མཐར་ཕྱིན་པ་གནང་ནས་དགེ་བཤེས་གྲྭ་སྐོར་བྱེད་ལ་ཉེ་བར་ཡོད་འདུག    ཁོང་གི་ཕ་ཡུལ་ནི་རྔ་པ་རྫོང་ཕྱུགས་ལས་འགབ་མའི་ཡིན་པ་དང་། ཕ་མིང་ལ་ཐོས་ལི་རེད་འདུག

 

གྲྭ་བློ་བཟང་དགེ་འཕེལ།
གྲྭ་བློ་བཟང་དགེ་འཕེལ།

རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་དགེ་འཕེལ། རང་ལོ་༢༩ ཡིན་པ་ཁོང་ལ་ལོ་༡༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་ལ། ཁོང་ནི་༢༠༡༥ལོའི་ཟླ་༡༡ ཚེས་༣༠ མཚན་མོ་དགོན་པའི་ནང་གི་གྲྭ་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཅིང་། ཁོང་དེ་སྔོན་ཕྱི་ལོ་༢༠༡༡ ཟླ་༥ ནང་འཛིན་བཟུང་གིས་ཡུན་རིང་བཀག་ཉར་བྱས་མཐར་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་༢༠༡༣ ལོའི་ལོ་མཇུག་ཟླ་བ་ཁ་ཤས་སྔ་སྣུར་གྱིས་གློད་གྲོལ་བྱས་ཡོད་འདུག  ཁོང་ནི་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པ་ནས་ཡིན་ཞིང་། ཕ་ཨུ་རྒྱན་ཚེ་རིང་དང་།  མ་ལྷ་མོ་སྐྱིད་གཉིས་ལ་བུ་བུ་མོ་དགུ་ཡོད་པའི་ནང་གི་ཆེ་ཤོས་ཡིན་པ་དང་། ཆུང་དུས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ཤིང་། འཛིན་བཟུང་མ་བྱས་གོང་སྨན་པ་གྲྭ་ཚང་གི་གཉེར་པ་རེད་འདུག

ཨ་ཀྱ་ཀྱ།  དགུང་ལོ་༣༥དང་།  ཁོང་ལ་ལོ་༥ བཙོན་འཇུག་ཁྲིམས་ཐག་བཅད་འདུག་ཅིང་། ཁོང་ཡང་དེ་སྔ་༧གོང་ས་མཆོག་གི་གྱ་སྟོན་གོ་སྒྲིག་གི་ཉེས་མིང་འཇུ་བཟུང་བཀག་ཉར་བྱས་པ་རེད་འདུག རྔ་བ་ཀིརྟི་དགོན་པའི་གྲྭ་ཟུར་ཡིན་པའི་ཨ་ཀྱ་ཀྱ་ཡིས་དེ་སྔ་ཆབ་སྲིད་བཙོན་ཟུར་ཡིན་པའི་མི་ཞིག་གིས་བཟོས་པའི་སྐད་འཕྲིན་ཚོགས་པ་ཞིག་གི་ནང་དུ་གྱ་སྟོན་གྱི་དགའ་སྟོན་ཅི་ལྟར་འཚོགས་མིན་སོགས་ཀྱི་ཐད་ལ་བསམ་ཚུལ་བརྗེ་ལེན་བྱས་པ་མ་ཟད།  ཕྱིས་སུ་སྐད་འཕྲིན་ཚོགས་པ་དེའི་ཚོགས་མི་མི་ཉུང་བ་ཞིག་ལ་ལྷན་དུ་བོད་ལུགས་ཀྱི་གྱ་སྟོན་སྤྲོ་སྐྱིད་ཀྱང་དངོས་སུ་བྱས་འདུག།ཁོང་དེ་སྔོན་ཕྱི་ལོ་༢༠༡༡ལོར་བློ་བཟང་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་གི་སྐབས་སུ་སྲིད་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པའི་རྐྱེན་གྱིས་འཛིན་བཟུང་གིས་ཁོང་ལ་ལོ་༣ལྷག་བཙོན་འཇུག་བྱས་འདུག   ཁོང་ནི་རྔ་བ་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་དང་བོ་ནས་ཡིན་ཞིང་། མ་མིང་ལ་དུང་མོ་རེད་འདུག

 ཨ་ཀྱ་ཀྱ།
ཨ་ཀྱ་ཀྱ།

རྔ་བ་ཀིརྟི་དགོན་པའི་གྲྭ་བློ་གྲོས། རང་ལོ་༤༡ ཡིན་པ་ཁོང་ལ་ལོ་༩ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་ལ། ཁོང་ནི་༢༠༡༥ཟླ་༡༢་ཙམ་ལ་དགོན་པའི་ནང་ནས་འཛིན་བཟུང་བཙན་ཁྲིད་བྱས་ཤིང་། ཨ་ཀྱ་ཀྱ་བཞིན་དང་ཁོང་སྐད་འཕྲིན་དེའི་ཚོགས་མི་དང་གྱ་སྟོན་གོ་སྒྲིག་ཉེས་མིང་ཁྲིམས་ཐག་བཅད་པ་རེད་འདུག      ཁོང་༢༠༡༡ ལོར་འཛིན་བཟུང་གིས་ལོ་༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག  ཁོང་ནི་རྔ་པ་རྫོང་ཨ་འདུས་གཤོང་བ་སྡེ་བ་ཡིན་པ་དང་། ཕ་མིང་ལ་གདུགས་ཁོ་ཟེར་ཞིང་།  གནའ་དེང་གི་རི་མོའི་སྒྱུ་རྩལ་ལ་མོས་པ་ཆེ་བའི་རི་མོ་པ་ཞིག་ཡིན་འདུག

གྲྭ་བློ་གྲོས།
གྲྭ་བློ་གྲོས།

ཡང་ཁྲིམས་ཁང་དེ་ག་རང་ནས་རྔ་བའི་བོད་མི་གཞན་བཞི་ལའང་ཁྲིམས་ཐག་བཅད་པ་ཁག་ནི།  ཀིརྟི་དགོན་པའི་གྲྭ་ཟུར་དང་དགུང་ལོ་༣༣ཡིན་པ་ཁོང་ལ་ཁྲིམས་ཐག་ལོ་༦བཅད་འདུག་ཅིང་།    ཁོང་གིས་༧གོང་ས་མཆོག་གི་གྱ་སྟོན་འཁྲིངས་སྐར་གྱི་སྤྲོ་སྐྱིད་གོ་སྒྲིག་བྱས་པའི་ཉེས་མིང་འོག་འཇུ་བཟུང་བྱས་པ་རེད་འདུག ཁོང་དེ་སྔོན་ཡང་ལོ་གཅིད་དང་ཕྱེད་ཀའི་བཙོན་བཅུག་བྱས་ཤིང་། དེ་ནི་རྒྱ་གཞུང་གིས་༢༠༠༨ས་བྱི་ཞི་རྒོལ་དང་འབྲེལ་བར་བསྙད་ནས་རྔ་བ་སྤྲོ་ཚིགས་དགོན་པ་ནས་དགེ་འདུན་པ་༦འཛིན་བཟུང་བྱས་པའི་ཁྲོད་ཀྱི་གཅིག་རེད་འདུག

ཁོང་ནི་རྔ་བའི་མདོ་བ་སྡེ་བ་ནས་ཡིན་པའི་གཡར་ལྗང་ཞེས་པའི་ཁྱིམ་ཚང་དུ་ཕ་སྟབས་རྒྱས་དང་མ་ནོར་ལྷ་གཉིས་ཀྱི་བུ་རེད་འདུག

ཡང་མིང་ལ་ཚུལ་ཁྲིམས་དང་ཡོངས་གྲགས་སུ་ཚུལ་བྲལ་ཞེས་པ་ཁོང་ལའང་ཁྲིམས་ཐག་ལོ་༥བཅད་འདུག་ཅིང་། ཁོང་༢༠༡༥ཟླ་༡༡ཚེས་༢༥ཉིན་འཇུ་བཟང་བཀག་ཉར་བྱས་འདུག ཀིརྟི་དགོན་པའི་གྲྭ་ཟུར་ཡིན་པའི་ཁོང་དེ་སྔ་བོད་ཁུལ་ཡོངས་དང་ལྷག་པར་རྔ་བ་ས་ཁུལ་དུ་ཤུགས་ཆེར་བྱུང་བའི་༢༠༠༨ལོར་ས་བྱི་ཞི་རྒོལ་གྱི་ཆ་ཤས་བླངས་པའི་དབང་གིས་བཙོན་འཇུག་བྱས་ཡོད།

ཁོང་ནི་གཉེན་སྒྲིག་གིས་ད་ལྟའི་རང་ལོ་༥ལས་ཆུང་བའི་ཕྲུ་གུ་གཉིས་ཡོད་འདུག རྔ་བ་ལྷ་སྡེ་གོང་ནས་ཡིན་པའི་ཁོང་གི་ཕའི་མིང་བཀྲ་བྷོ་ཟེར།

དེ་བཞིན་བུད་མེད་ཏཱ་རེ་ཞེས་པ་ཞིག་ལ་ལོ་༨ དང་།

འདི་ག་ལྟེ་གནས་ཁང་གི་ངོས་ནས་གནས་ཚུལ་མཁོ་སྒྲུབ་པར་གོང་གི་བོད་མི་རྣམས་ལ་ཁྲིམས་བཤེར་གྱི་ཉེས་པ་གང་ཞིག་ངོས་བཟུང་མིན་ཐད་ཀྱང་གནས་ཚུལ་ཏག་ཏིན་ལག་སོན་མ་བྱུང་ཡང་།  དེ་ནི་དུས་རྒྱུན་ལྟར་བོད་མི་རྣམས་ལ”་ཁ་བྲལ་བ་ལ་བརྒྱུད་བསྐུལ་”ཞེས་པའི་ཉེས་མིང་འོག་ནས་བོད་མིའི་བསམ་བློའི་རང་དབང་དང་སྨྲ་བརྗོད་རང་དབང་ལ་བཀག་སྡོམ་ཐེབས་མུས་སུ་ཡོད།

ཕྱི་ལོ་༢༠༡༥ཟླ་༦ནང་།  རྒྱ་གཞུང་གིས་ས་གནས་བོད་མིའི་ངོས་ནས་༧གོང་ས་མཆོག་གི་དགུང་ལོ་༨༠ཡི་གྱ་སྟོན་འཁྲུངས་སྐར་སྲུང་བརྩིའི་ཐད་བཀག་སྡོམ་སྒྲིག་སྲོལ་གཏན་འབེབ་བྱས་ཡོད་པའི་སྐོར་ལ། འདི་ག་ལྟེ་གནས་ཁང་གིས་ངོས་ནས་གྱ་སྟོན་སྲུང་བརྩི་དང་འབྲེལ་ནས་བོད་མི་གཉིས་དང་བུད་མེད་ཅིག་གང་བྱུང་འཛིན་བཟུང་བྱས་པའི་གནས་ཚུལ་བཏོན་ཡོད།