24/11/2020

རྒྱ་གཞུང་གི་ཁང་པ་དམར་པོ་རུ་བོད་རིགས་བུད་མེད་ཅིག་གིས་རང་ལུས་མེར་བསྲེགས་བཏང་འདུག

  •   
  •  
  •  
  •  
  •  
  •  
  •  
རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་གནང་མཁན་བོད་རིགས་བུད་མེད་བཀྲ་ཤིས་སྐྱིད་ལགས་ཀྱི་སྐུ་པར།
རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་གནང་མཁན་བོད་རིགས་བུད་མེད་བཀྲ་ཤིས་སྐྱིད་ལགས་ཀྱི་སྐུ་པར།

ཟླ་འདིའི་ཕྱི་ཚེས་ ༢༧ དགོང་མོར་རང་ལོ་ ༥༥ ཡིན་པའི་བོད་རིགས་བུད་མེད་བཀྲ་ཤིས་སྐྱིད་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས་འདས་གྲོངས་ཕྱིན་ཡོད་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ཟླ་ ༨ ཚེས་ ༢༧ ཉིན་གྱི་དགོང་མོར། བོད་མདོ་སྨད་བླ་བྲང་བསང་ཁོག་ཡུལ་ཚོའི་སྟེང་ཡོད་པའི་རྒྱ་གཞུང་གིས་འབྲོག་སྡེ་གསར་པ་ཞེས་སྒྲོག་བཞིན་པ་དང་། བོད་མི་ཚོས་ཁང་པ་དམར་པོ་ཞེས་འབོད་བཞིན་པའི་ཡུལ་ཚོའི་གྲོང་རྡལ་གྱི་འབྲོག་པ་གནས་སྤོར་ཁུལ་དུ། བུད་མེད་བཀྲ་ཤིས་སྐྱིད་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་བསྒྱུར་གྱི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་ཕྱིན་ཡོད་འདུག

བོད་རིགས་བུད་མེད་བཀྲ་ཤིས་སྐྱིད་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་ཅུང་ཙམ་རྗེས་ས་གནས་ཡུལ་མི་ཚོས་མཏོང་སྟེ། ཁོང་མོའི་ལུས་སྟེང་གི་མེ་བསད་ནས་སྐྱོབ་ཐབས་བྱས་ཡོད་ཀྱང་། མཚན་མོའི་ཆུ་ཚོད་ ༣ ཡས་མས་ལ་ཁོང་མོ་སྐུ་གྲོངས་ཡོད་པ་དང་། ཕྱི་ཚེས་ ༢༨ ཉིན་གྱི་ཕྱོགས་པ་ནམ་ལངས་མ་ཐག་རྒྱ་གཞུང་ཉེན་རྟོག་པ་དང་དམག་མི་མང་པོ་སླེབས་ཏེ། ནང་མིའི་ལག་ནས་ཁོང་མོའི་སྐུ་ཕུང་བཙན་འཁྱེར་བྱས་ཡོད་འདུག

རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་ད་ལྟའི་དབང་བསྒྱུར་ས་ཁོངས་ལྟར་བྱས་ན། བོད་རིགས་བུད་མེད་བཀྲ་ཤིས་སྐྱིད་ལགས་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་བསང་ཁོག་ཞང་དངུལ་རྭ་སྡེ་བའི་ཡིན་པ་དང་། ད་ལྟ་རང་ལོ་ ༥༥ ཡིན་འདུག ཁོང་མོའི་ཁྱོ་གའི་མིང་ལ་སངས་རྒྱས་ཟེར་བ་དང་། ཁོང་བཟའ་ཚོ་གཉིས་ལ་བུ་བཞི་དང་བུ་མོ་གཅིག་ཡོད་དེ། བུ་ད་ལྟ་གྲྭ་པ་ཡིན་པ་བརྩོན་འགྲུས་རྒྱ་མཚོ་དང་སངས་རྒྱས་རྒྱ་མཚོ། སྐལ་བཟང་རྒྱ་མཚོ་གསུམ་དང་། མི་སྐྱ་ཡིན་པ་ཡོན་ཏན་རྒྱ་མཚོ་དང་། བུ་མོ་ཀུན་བཟང་སྐྱིད་བཅས་ཡིན་པ་རེད།

11947473_896583653761493_4323187779242522797_nཁོང་ཚང་ནི་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ལེགས་པོ་ཡོད་མཁན་ཞིག་པ་དང་། བླ་བྲང་དགོན་པའི་ཉེ་འགྲམ་དུ་ཁང་པ་བསྟར་མ་སུམ་ཐོག་ཅན་གཅིག་དང་། བསང་ཁོག་ཞང་གི་གྲོང་རྡལ་ཡོད་སར་རྒྱ་གཞུང་གིས་འབྲོག་པ་རྣམས་གྲོང་མཐར་ཕབ་བཞིན་པའི་སྡོད་ཁང་སྟེ། བོད་མི་ཚོས་ཁང་པ་དམར་པོ་དང་རྒྱ་གཞུང་གིས་འབྲོག་སྡེ་གསར་པ་རུ་འབོད་པ་དེར་ཡང་སྡོད་ཁང་ཞིག་ཡོད་འདུག ཁོང་མོས་རང་ལུས་མེར་བསྲེགས་གཏོང་ས་ཆ་ནི་བླ་བྲང་དགོན་པ་ནས་སྤྱི་ལེ་བཅུ་ཙམ་གྱི་སར་ཡོད་པའི་ཁང་པ་དམར་པོ་ཡོད་ས་དེ་ཡིན་འདུག

ད་ལྟའི་ཆར་རྒྱ་གཞུང་གིས་ས་ཁུལ་དེར་སྔར་ལས་ལྷག་པར་བརྒྱུད་ལམ་ཁག་ལ་བཀག་སྡོམ་ནན་མོ་བྱེད་བཞིན་ཡོད་སྟབས། ཞིབ་ཕྲའི་གནས་སྟངས་སྐོར་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། འདི་ག་ལྟེ་གནས་ཁང་གིས་ངོས་ནས་རྒྱ་གཞུང་གིས་ཁོང་མོས་རང་ལུས་མེར་བསྲེགས་ལ་རྐྱེན་བྱས་ཏེ། ཉེས་མེད་ཁྲིམས་འགལ་གྱི་སྒོ་ནས་ཁོང་མོའི་ནང་མི་ཉེ་འབྲེལ་དག་ལ་འཇུ་བཟུང་བཀག་སྡོམ་མི་ཡོང་བ་དང་། ཁོང་མོའི་སྐུ་ཕུང་ཕྱིར་ནང་མིར་རྩིས་སྤྲོད་ཀྱིས་བོད་པའི་ཡུལ་སྲོལ་ལྟར་ནང་མིར་ཁོང་མོའི་ཆེད་འདས་མཆོད་སྒྲུབ་འཇུག་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད།

རང་ལུས་མེར་བསྲེགས་གནང་མཁན་བོད་རིགས་བུད་མེད་བཀྲ་ཤིས་སྐྱིད་ལགས་ནི། གཤིས་རྒྱུད་དྲང་ཞིང་དང་དུས་རྒྱུན་མི་ཀུན་ལ་སེམས་བཟང་འཆང་མཁན་ཞིག་ཡིན་པ་དང་། ལྷག་པར་ཁོང་མོས་ནམ་རྒྱུན་ཚེས་བཅོ་སོགས་ཟླ་རེའི་ཚེས་བཟང་ཁག་ལ་སྨྱུང་གནས་རྒྱུན་སྲུང་དང་དམར་ཟས་མི་སྤངས་བ། ཕྱག་སྐོར་བྱེད་པ་སོགས་དགེ་སྒྲུབ་ལ་གཞོལ་མཁན་ཞིག་ཡིན་པ་རེད། དེར་མ་ཟད་ཁོང་མོས་དད་གུས་ཆེན་པོ་ཞུ་ཡུལ་༸གོང་ས་མཆོག་དང་༸ཀུན་མཁྱེན་བླ་མ་གཙོས་བསྟན་འཛིན་གྱི་སྐྱེས་ཆེན་རྣམ་པའི་སྐུ་ཚེ་བརྟན་ཅིང་བཞེད་དོན་འགྲུབ་ཕྱིར་རང་ཉིད་ཀྱི་དགེ་སྒྲུབ་ཚོགས་བསགས་རྣམས་བསྔོ་བཞིན་ཡོད་འདུག དེ་བཞིན། ཁོང་མོ་ནི་བོད་ཀྱི་སྐད་ཡིག་ལའང་དུངས་པ་ཟབ་མོ་ཡོད་མཁན་ཞིག་ཡིན་པ་རེད།

ཁོང་མོས་དེ་སྔོན་རྒྱ་གཞུང་གི་ཕྱི་བསྐྱོད་ཡི་གེ་བླངས་ཏེ་རྒྱ་གར་དུ་ཐེངས་གཉིས་ལ་ཡོང་མྱོང་ཡོད་པ་དང་། རྒྱ་གར་ལ་ཡོང་ཐེངས་མཐའ་ནི་ཕྱི་ལོ་ ༢༠༡༢ ལོའི་དུས་དབང་སྐབས་ཡིན་འདུག ལྷག་པར་དུ་ཁོང་མོས་༧གོང་ས་མཆོག་གི་མཛད་འཕྲིན་དང་བཀའ་སློབ། དེ་བཞིན། བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་སྐོར་ལ་དོ་སྣང་ཆེན་པོ་ཡོད་མཁན་ཞིག་འདུག

Select Language