28/09/2020

རྐང་བཙུགས་ནས་མི་མང་གི་སྨྲ་བ་བསྡམས་པར་ཞི་རྒོལ་གནང་།

  •   
  •  
  •  
  •  
  •  
  •  
  •  

གཟའ་འཁོར་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བསྟན་འཛིན་མཁའ་འགྲོས། རྒྱལ་ཁབ་གང་གི་མི་སྒེར་སུ་ཞིག་ཡིན་རུང་། སྲིད་གཞུང་དང་སྒྲིག་འཛུགས་གང་དེའི་འོས་འགན་ལ་དོགས་འདྲི་དང་འཐབ་རྩོད་བྱས་ཏེ། ཡུལ་མིའི་ཐོབ་ཐང་དང་མི་སེར་གྱི་ཐོབ་ཐང་སོར་གནས་དང་སྲུང་སྐྱོབ་བྱེད་དགོས་པར་འདོད།

“ང་རང་བོད་མི་ཞིག་ཡིན་པའི་ཆ་ནས། དམར་ཤོག་སྲིད་གཞུང་འོག་གི་བོད་རིགས་སྤུན་ཟླ་ཕོ་མོ་ནམས་ལ་འཕྲད་པའི་དཀའ་སྡུག་གི་མགྲིན་ཚབ་མི་བྱེད་པར། ཁུ་སིམ་མེར་སྡོད་ཐབས་མ་བྱུང་།”

བསྟན་འཛིན་མཁའ་འགྲོ་ནི་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་ཞིག་རེད་ལ། ད་ཆར་བསྟན་འཛིན་མཁའ་འགྲོས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལས་འཆར་ལས་འཛིན་པའི་ཕྱག་གནས་གནང་ཞོར་བོད་མིའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་ཡོང་ཐབས་ཀྱི་གསོ་སྦྱོང་སྤྲོད་ཀྱི་ཡོད་པ་རེད།

“ལར་སྒེར་དབང་ཐོབ་ཐང་ངེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སོ་སོའི་སྒེར་དབང་ཐོབ་ཐང་རྟོགས་ན། རང་གི་འགན་འཁྲི་ཡང་ཞོར་ལ་ཤེས་ཡོང་གི་རེད། སོ་སོའི་རང་དབང་ཐོབ་ཐང་ངེས་པ་ཙམ་མ་ཟད། རང་དབང་ཐོབ་ཐང་གི་ཐོན་ཁུངས་བེད་སྤྱོད་ནས། སོ་སོའི་སྨྲ་བ་སྡོམ་མཁན་ཚོར། རང་རང་གི་རང་དབང་ཐོབ་ཐང་གི་འབོད་སྒྲ་སྒྲོག་ཏུ་འཇུག་རྒྱུ་ཡང་ཧ་ཅང་གལ་འགངས་ཆེན་པོ་རེད།”

བསྟན་འཛིན་མཁའ་འགྲོ་ཐེངས་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་ཀྱིས་རྒྱ་གཞུང་ལ་འབོད་སྐུལ་གནང་དོན།

༡༽ ཞི་བའི་འདུ་འཛོམ་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་རྩ་འཛིན་དང་འགལ་བའི་རྒྱ་གཞུང་གི་ལག་བསྟར་སྲིད་ཇུས་ཁག་མྱུར་དུ་མཚམས་འཇོག་དགོས།

༢༽ ཞི་རྒོལ་བར་བཙན་དབང་གིས་དྲག་གནོན་དང་བཀག་བསྐྱིལ་བྱེད་ཐབས་ཀྱི་སྲིད་ཇུས་མེད་པར་བཟོ་དགོས།

༣༽ ཞི་རྒོལ་བ་གང་བྱུང་བཀག་ཉར་དང་མནར་གཅོད་གཏོང་མཁན་སྲིད་གཞུང་གི་དཔོན་རིགས་ཚོར་ཉེས་ཆད་འགེལ་དགོས།

༤༽ བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་དང་། སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་གཉིས་ལ་ལག་བསྟར་ཆོག་མཆན་འགོད་དགོས།

༥༽ ཞི་བའི་འདུ་འཛོམ་དང་ཚོགས་འཛུགས་རང་དབང་གི་ཐོབ་ཐང་ཐད་ཀྱི་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་གདད་ཞུ་ཞུས་ནས། ད་ལྟའི་བོད་ནང་གི་ཞི་བའི་འདུ་འཛོམ་རང་དབང་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་རྒྱུས་ལོན་བྱེད་དུ་འཇུག་དགོས།

ཕྱི་ཟླ་༥ ཚེས་༣ ཉིན་ནས་འདི་ག་ལྟེ་གནས་ཁང་གིས་ཞི་རྒོལ་ཐོབ་ཐང་གི་ལས་འགུལ་འགོ་བཙུགས་ཏེ། བོད་མིའི་ཞི་རྒོལ་སྙིང་སྟོབས་དང་སེམས་ཤུགས་བཅས་མཚོན་པའི་བྱུང་རིམ་ལོ་རྒྱུས་འགྲེམ་སྤེལ་གྱིས། ད་ཆར་རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་གི་གོ་སྐབས་བེད་སྤྱད་ནས། བོད་ནང་དུ་ཞི་བའི་ཐོག་ནས་འདོད་མོས་མེད་པའི་རྣམ་འགྱུར་ཇི་འདྲ་ཞིག་བསྟན་ནའང་། དེ་ལ་ཚབས་ཆེའི་དྲག་གནོན་དང་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་སྦེད་ཐབས་ཀྱི་སྒྲིབ་གཡོག་བཤུས་ཏེ། བོད་མིའི་སྨྲ་བརྗོད་རང་དབང་གསལ་འདོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

འདི་ལོའི་ཕྱི་ཟླ་༡༢ ཚེས་༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་བར་དུ། ཐེངས་འདིའི་ལས་འགུལ་བརྒྱུད་བོད་དོན་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་མི་སྣ་༣༠ ཡི་རེ་འདུན་དང་བློ་སྤོབས། ཞི་རྒོལ་བཅས་ཀྱི་གནས་ཚུལ་རིམ་པར་སྤེལ་འཆར་ཡོད།