09/12/2019

རོང་རྒྱས་ཨ་གྲགས་ལགས་བཙོན་འཇུག་དུས་བཅད་གཙང་སྟེ་གློད་འདུག

  •   
  •  
  •  
  •  
  •  
  •  
  •  

འདི་ག་ལྟེ་གནས་ཁང་གི་ངོས་ནས་རོང་རྒྱས་ཨ་གྲགས་ལགས་བཙོན་འཇུག་དུས་ཡུན་ལོ་ ༨ གཙང་སྟེ་ཁ་སང་དགོང་མོ་གློད་འདུག་པར་དགའ་འགུ་དང་། ཁོང་ལ་སྨན་ཁང་ནང་སྨན་བཅོས་ཐོབ་ཐང་དང་མཐུན་འགྱུར་སྤྲོད་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད།

༢༠༠༧ ལོའི་ཟླ་ ༨ ཚེས་ ༡ ཉིན་རོང་རྒྱས་ཨ་གྲགས་ལགས་ཀྱིས་རྒྱ་དམར་གྱི་དམག་བཙུགས་དུས་སྟོན་ཐོག་སོ་སོའི་མངོན་འདོད་དང་བོད་ནང་གི་དངོས་ཡོད་གནས་སྟངས་གསལ་བསྒྲགས་སྐབས་ཀྱི་པར།
༢༠༠༧ ལོའི་ཟླ་ ༨ ཚེས་ ༡ ཉིན་རོང་རྒྱས་ཨ་གྲགས་ལགས་ཀྱིས་རྒྱ་དམར་གྱི་དམག་བཙུགས་དུས་སྟོན་ཐོག་སོ་སོའི་མངོན་འདོད་དང་བོད་ནང་གི་དངོས་ཡོད་གནས་སྟངས་གསལ་བསྒྲགས་སྐབས་ཀྱི་པར།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༣༠ ཉིན་གྱི་བོད་ནང་གི་མཚན་མོའི་ཆུ་ཚོད་དང་པོ་སྟེང་(ཕྱི་ཟླ་ ༧ ཚེས་ ༣༡ ཉིན་གྱི་ཆུ་ཚོད་དང་པོ)། བོད་མི་ཆབ་སྲིད་བཙོན་པ་རོང་རྒྱས་ཨ་གྲགས་ལགས་བཙོན་འཇུག་དུས་ཡུན་གཙང་སྟེ་གློད་ཡོད་འདུག ཡིན་ནའང་། རྒྱ་གཞུང་གིས་བརྒྱུད་ལམ་དང་ས་གནས་སུ་དམ་དྲག་ཤུགས་ཆེན་པོ་བྱས་བཞིན་ཡོད་སྟབས། ད་ལྟའི་ཆར་ཁོང་གི་གཟུགས་པོའི་གནས་སྟངས་ག་འདྲ་ཆགས་ཡོད་མེད་སོགས་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

རོང་རྒྱས་ཨ་གྲགས་ལགས་བཙོན་འཇུག་དུས་བཅད་གཙང་སྟེ་ཕྱིར་རང་ཁྱིམ་དུ་ལོག་ཐུབ་པ་བྱུང་བར། འདི་ག་ལྟེ་གནས་ཁང་གིས་ངོས་ནས་དགའ་འགུ་ཡི་རངས་བྱེད་བཞིན་ཡོད། དེ་སྔོན་བཙོན་འཇུག་སྐབས་ཁོང་ལ་སྡུག་སྦྱོང་མནར་གཅོད་བཏང་བར་བརྟེན་ནས། མིག་ཡ་གཅིག་གིས་མ་མཐོང་བ་དང་རྣ་ཡ་གཅིག་གིས་ཐོས་མ་ཐུབ་པའི་གནས་སྟངས་བྱུང་ཡོད་པ་རེད། ད་ལྟའི་ཆར་ཁོང་གི་བཙོན་འཇུག་དུས་ཡུན་གཙང་ནས་གློད་གྲོལ་ཐོབ་ཡོད་སྟབས། རྒྱ་གཞུང་གིས་ཁོང་གི་འགྲོ་འདུག་ཐད་བཟང་བཙོན་ལྟ་བུར་མུ་མཐུད་བཀག་སྡོམ་མི་བྱེད་པར། ཁོང་ལ་སྨན་ཁང་ནང་སྨན་བཅོས་བྱེད་པའི་ཐོབ་ཐང་དང་མཐུན་འགྱུར་སྦྱོར་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།

རོང་རྒྱས་ཨ་གྲགས་ལགས་ཀྱིས་ཞི་བའི་སྒོ་ནས་ཁོང་རང་ཉིད་ཀྱི་རེ་འདུན་ཡོངས་བསྒྲགས་དང་། བོད་ནང་གི་དངོས་ཡོད་གནས་སྟངས་གསལ་འདོན་བྱས་པར་བརྟེན་ནས། རྒྱ་གཞུང་གིས་ཁོང་འཇུ་བཟུང་གིས་ཁོང་ལ་༼རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པར་སྐུལ་སློང་བྱས་པའི་ཉེས་མིང་གཙོས། རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་བརྟན་བརླིང་ལ་གནོད་སྐྱོན་བཟོས་པ། ༽ སོགས་ཉེས་མིང་ལྔ་ཙམ་བཀལ་ནས། ལོ་ ༨ བཙོན་འཇུག་ཁྲིམས་ཐག་བཅད་པ་ཞིག་ཆགས་ཡོད། རྒྱ་གཞུང་གི་རྩ་ཁྲིམས་ནང་མི་དམངས་ཀྱིས་སོ་སོའི་མངོན་འདོད་གླེང་ཆོག་པའི་སྨྲ་བརྗོད་རང་དབང་ཡོད་སྐོར་གསལ་ཡོད་པ་ལྟར། འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གིས་ཁོང་ལ་བཙོན་འཇུག་ཁྲིམས་ཐག་བཅད་པ་དེ་ནི། ཁྲིམས་མཐུན་ཞིག་མ་ཡིན་པར་བཙོན་པོ་དབང་ཡོད་ཀྱི་སྒོ་ནས་ཉེས་མེད་ཉེས་འཛུགས་བྱས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།

དེ་སྔོན་རོང་རྒྱས་ཨ་གྲགས་ལས་ཀྱིས་རྒྱ་ནག་དམར་གཞུང་གི་དམག་བཙུགས་དུས་སྟོན་དང་འབྲེལ་བའི་ལི་ཐང་རྟ་རྒྱུགས་ཀྱི་མཛད་སྒོའི་ཐོག ཁོང་རང་ཉིད་ཀྱི་མངོན་འདོད་དང་བོད་ནང་གི་དངོས་ཡོད་གནས་སྟངས་སྒྲོག་སྐབས། “རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས” “པཎ་ཆེན་རིན་པོ་ཆེ་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས” “ང་ཚོ་བོད་ལ་རང་དབང་དགོས” སོགས་ཀྱི་འབོད་སྐད་བྱས་ཡོད་པ་རེད། ཡིན་ནའང་། རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ལགས་ལ་མི་སྤྱོད་ལས་འདས་པའི་སྡུག་སྦྱོར་མནར་གཅོད་བཏང་བར་བརྟེན་ནས། ཉེ་སྔོན་རིན་པོ་ཆེ་ཁོང་བཙོན་ཁང་ནང་རྐྱེན་འདས་སུ་བཏང་ཡོད་པ་མ་ཟད། ཁོང་གི་སྐུ་ཕུང་བཙན་གྱིས་མེར་བསྲེགས་བྱས་པ་དང་གདུང་ཐལ་ཡང་ནང་མིར་རྩིས་སྤྲོད་བྱས་མེད་པ་རེད།

ད་ལྟའི་ཆར་རོང་རྒྱས་ཨ་གྲགས་ལགས་བཙོན་འཇུག་དུས་ཡུན་གཙང་སྟེ་གློད་ཡོད་ནའང་། ཁོང་གི་གཟུགས་པོའི་གནས་སྟངས་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། རྒྱ་གཞུང་གིས་བོད་མི་ཆབ་སྲིད་བཙོན་པ་དག་བཙོན་འཇུག་དུས་ཡུན་གཙང་སྟེ་གློད་རྗེས། མུ་མཐུད་ཁོང་ཚོའི་འགྲོ་འདུག་ལ་བཀག་སྡོམ་སྟངས་འཛིན་དང་། ཐ་ན་སྨན་ཁང་དུ་བསྐྱོད་ནས་སྨན་བཅོས་བྱེད་པའི་ཐོབ་ཐང་ཡང་སྤྲོད་ཀྱིན་མེད་པའི་གནས་ཚུལ་ཡོང་གིན་ཡོད་པ་རེད། རོང་རྒྱས་ཨ་གྲགས་ལགས་ལའང་བཙོན་ཁང་ནང་མནར་གཅོད་བཏང་བར་བརྟེན་ནས། དེ་སྔོན་མིག་དང་རྣ་བ་ཡ་གཅིག་གིས་མི་མཐོང་བ་དང་མི་ཐོས་པའི་གནས་སྟངས་ཆགས་ཡོད་སྟབས། རྒྱ་གཞུང་གིས་ཁྲིམས་འགལ་ཐོག་ཁོང་ལ་མུ་མཐུད་བཀག་ཉར་སྟངས་འཛིན་མི་བྱེད་པར། སྨན་བཅོས་ཀྱི་ཐོབ་ཐང་དང་མཐུན་འགྱུར་སྤྲོད་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད།

 

རོང་རྒྱས་ཨ་གྲགས་ལགས་འཇུ་བཟུང་ཁྲིམས་གཅོད་ཀྱི་གནས་ཚུལ་བྱུང་རིམ།

ཕྱི་ལོ་ ༢༠༠༧ ཟླ་ ༨ ཚེས་ ༡ ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་གིས། རྒྱ་གཞུང་དམར་དམག་བཙུགས་པའི་དུས་དྲན་དང་འབྲེལ་བའི་ལི་ཐང་རྟ་རྒྱུགས་ཀྱི་མཛད་སྒོ་ཚོགས་ཏེ། ལས་རིམ་སྒྲོག་སྦྱང་པས་རྒྱང་བསྒྲགས་ནས་དུས་ཆེན་གྱི་ལས་རིམ་སྒྲོག་སྦྱང་བྱེད་བཞིན་པའི་སྐབས། རོང་རྒྱས་ཨ་གྲགས་ལགས་མཛད་སྒོའི་སྡིངས་ཆའི་ཐོག་སོང་ནས་རྒྱང་བསྒྲགས་སྐད་སྦུག་བླངས་ཏེ། “རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས” “པཎ་ཆེན་རིན་པོ་ཆེ་དང་སྤྲུལ་སྐུ་བསྟན་འཛིན་ལེགས་ཀྱི་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས” “ང་ཚོ་བོད་ལ་རང་དབང་དགོས” རྒྱལ་བ་རིན་པོ་ཆེ་ནི་ང་ཚོ་བོད་ཀྱི་ནང་སྙིང་ལྟར་བུ་ཡིན། བོད་མི་རྣམས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དགོས་སོགས་ཀྱི་འབོད་སྐད་བསྒྲགས་ཡོད་པ་རེད།

དེ་རྗེས་ཡུན་རིང་མ་སོང་བར་རོང་རྒྱས་ཨ་གྲགས་ལགས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་སྟབས། ས་གནས་མང་ཚོགས་མང་པོ་རྫོང་ཉེན་རྟོག་ལས་ཁང་དུ་བཅར་ཏེ་ཁོང་གློད་གྲོལ་གཏོང་དགོས་པའི་ཞུ་འབོད་རིམས་བྱས་དང་། ཡུལ་སྡེ་ཐག་རིང་ནས་ཡིན་པའི་མང་ཚོགས་དག་གིས་ཀྱང་ལི་ཐང་རྫོང་གི་མཐར་བསྐོར་དུ་གུར་སྒར་བརྒྱབ་སྟེ་ཉིན་གྲངས་མང་པོའི་རིང་ཞི་བའི་ངོ་རྒོལ་བྱས་ཀྱང་། མཐར་རྒྱ་གཞུང་གིས་མང་ཚོགས་ཀྱི་རེ་སྐུལ་ལ་ཡ་ལན་མ་བྱས་པར། དེ་ལས་ལྡོག་སྟེ་དམག་མི་མང་པོ་འགྲེམས་འཇོག་གིས་ས་གནས་སུ་བཀག་སྡོམ་ནན་མོ་བྱས་ཡོད་པ་རེད།

ལོ་དེའི་ཕྱི་ཟླ་ ༡༡ ཚེས་ ༢༠ ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་ཁྲིམས་ཁང་ཟེར་བས། རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པར་སྐུལ་སློང་དང་། རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་བརྟན་བརླིང་ལ་གནོད་སྐྱོན་བཟོས་པ་སོགས་ཉེས་མིང་ལྔ་ཙམ་བཀལ་ཏེ། རོང་རྒྱས་ཨ་གྲགས་ལགས་ལ་ལོ་ ༨ ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་རྗེས། རྒྱ་ནག་ཟི་ཁྲོན་ཞིང་ཆེན་མཱེན་ཡཱང་བཙོན་ཁང་དུ་བསྐྱལ་ཡོད་པ་རེད།

དེར་མ་ཟད། རྒྱ་གཞུང་གིས་“ཕྱི་རྒྱལ་ཁ་བྲལ་སྟོབས་ཤུགས་དང་ལག་འབྲེལ་བྱས་པ” དང་། “ཁ་བྲལ་ལས་འགུལ་བ་ལ་གསང་བ་ཕྱིར་གྱར” ཟེར་བ་སོགས་ཀྱི་ཉེས་འཛུགས་འོག ཁོང་གི་ཚ་བོ་ལི་ཐང་དགོན་ཆེན་གྱི་དབུ་མཛད་དང་དོ་དམ་པ་ཟུར་བ་ཨ་ཀྲུག་བློ་སྦོ་ལ་ལོ་ ༡༠ བཙོན་འཇུག་དང་། སྒྱུ་རྩལ་པ་འཇམ་དབྱངས་ཀུན་མཁྱེན་ལ་ལོ་ ༩ བཙོན་འཇུག ཁོང་གི་ཚ་བོ་ཨ་ཀྲུག་སྐལ་བཟང་རྒྱ་མཚོ་ལ་ལོ་ ༥ བཙོན་འཇུག བློ་ཐོག་ལ་ལོ་ ༣ བཙོན་འཇུག འཇམ་དབྱང་བསྟན་འཛིན་ལ་ལོ་ ༣ བཙོན་འཇུག བདེ་སྐྱིད་གྲོང་པ་བློ་བཟང་ཕུན་ཚོགས་ལ་ལོ་ ༡ དང་ཕྱེད་ཀའི་བཙོན་འཇུག་བཅས་ཀྱི་ཁྲིམས་ཐག་བཅད་ཡོད་པ་རེད། རྗེས་སུ་ཁོང་ཚོའི་ཁྲོད་ནས་ཨ་ཀྲུག་སྐལ་བཟང་རྒྱ་མཚོ་དང་བློ་ཐོག བདེ་སྐྱིད་གྲོང་པ། བློ་བཟང་ཕུན་ཚོགས་བཅས་དུས་བཅད་གཙང་ནས་གློད་གྲོལ་ཐོབ་ཡོད་པ་དང་། འཇམ་དབྱང་བསྟན་འཛིན་ལགས་དུས་བཅད་གཙང་སྟེ་གློལ་གྲོལ་རྗེས་སླར་ཡང་འཇུ་བཟུང་གིས་བསྐྱར་དུ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་སོགས། རོང་རྒྱས་ཨ་གྲགས་ལགས་གློད་གྲོལ་དགོས་པའི་ཞུ་འབོད་བྱེད་མཁན་ཁོང་གི་ཉེ་འབྲེལ་དང་ས་གནས་ཡུལ་མི་དག་ལའང་ཉེས་མེད་ཉེས་འཛུགས་ཀྱིས་ཁྲིམས་ཐག་བཅད་པའི་གནས་ཚུལ་བྱུང་ཡོད།

དེ་བཞིན། རོང་རྒྱས་ཨ་གྲགས་ལགས་བཙོན་འཇུག་གི་དུས་ཡུན་ཁྲོད། མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་བཏང་བར་བརྟེན་ནས། དེ་སྔོན་ཁོང་གི་མིག་ཡ་གཅིག་གིས་མཐོང་མ་ཐུབ་པ་དང་། རྣ་བ་ཡ་གཅིག་གིས་ཐོས་མི་ཐུབ་པའི་གནས་ཚུལ་ཐོན་ཡོད་པ་རེད། མཐར་མཱེན་ཡཱང་བཙོན་ཁང་ནང་ལོ་བརྒྱད་ཀྱི་བཙོན་འཇུག་དུས་ཡུན་གཙང་སྟེ། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༣༡ ཉིན་གྱི་ཐོ་རེངས་ཆུ་ཚོད་ ༡ པ་སྟེ། བོད་ཀྱི་སྲོལ་རྒྱུན་གྱི་བཤད་སྟངས་ལྟར་བྱས་ན་ཕྱི་ཚེས་ ༣༠ མཚན་མོའི་ཆུ་ཚོད་དང་པོ་ཙམ་ལ་གློལ་གྲོལ་བཏང་ཡོད་པ་དང་། ད་ལྟའི་ཆར་ཁོང་གི་གཟུགས་པོའི་སྟངས་སོགས་འབྲེལ་ཡོད་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད།