06/04/2020

རེབ་གོང་ཁུལ་དུ་བོད་མི་ཁག་ཅིག་ལ་ཁྲིམས་ཐགས་བཅད་དེ་བཙོན་འཇུག་བྱས་འདུག

  •   
  •  
  •  
  •  
  •  
  •  
  •  
Lhamo in rebkong
བོད་རང་བཙན་སྐད་འབོད་དང་རྒྱ་དར་གཤགས་པའི་ཉེས་མིང་འོག་ལོ་གཉིས་ཀྱི་ཁྲིམས་བཅད་ཡོད་པའི་རེབ་གོང་མདོ་བ་ཁྱི་ལྔ་སྡེ་བའི་ལྷ་མོ།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན།  ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡༡ ནང་དུ་བོད་མདོ་སྨད་རེབ་གོང་མདོ་བ་རུ་བསྟུད་མར་བོད་མིའི་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱི་གནས་ཚུལ་བྱུང་རྗེས། བོད་མི་མང་པོ་མངོན་ལྐོག་གཉིས་ནས་འཛིན་བཟུང་བྱས་ཡོད་པའི་ཁྲོད།  རེབ་གོང་རོང་བོ་དགོན་ཆེན་གྱི་དགེ་འདུན་པ་རང་ལོ་ ༡༩ ཡིན་པའི་བརྩོན་འགྲུས་ཆོས་ལྡན་ལགས་ལ།  རྨ་ལྷོ་ཁུལ་མི་མང་འབྲིང་རིམ་ཁྲིམས་ཁང་གིས་རང་ལུས་མེར་བསྲེགས་ལ་སྐུལ་སློང་གི་ཉེས་མིང་འོག  ལོ་ ༢ གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ད་ལྟ་ཟི་ལིང་གི་བཙོན་ཁང་ཞིག་ཏུ་ཡོད་འདུག

ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༦ ཉིན་རེབ་གོང་མདོ་བ་མཁར་སྐྱ་ནས་ཡིན་པའི་དགེ་འདུན་པ་བརྩོན་འགྲུས་ཆོས་ལྡན་དང་། དཀོན་མཆོག་བསོད་ནམས་གཉིས་མཉམ་གཅིག་དུ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ལ།   སྔར་ལོའི་ཕྱི་ཟླ་ ༡༡ ་པའི་ཚེས ༧ དང་ཚེས་ ༨ ། ཚེས་ ༡༢ བཅས་སུ།  རེབ་གོང་མདོ་བ་ནས་བསྟུན་མར་བོད་མི་བཞིས་རང་ལུས་མེར་བསྲེགས་ཀྱིས།  རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་འདས་གྲོངས་ཕྱིན་ཡོད་པའི་གནས་ཚུལ་བྱུང་ཡོད་པ་ལྟར།

དགེ་འདུན་པ་ཁོང་གཉིས་ནི་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་མཁན་སྐལ་བཟང་སྦྱིན་པ་ལགས་ཀྱི་གྲོགས་པོ་ཡིན་སྟབས།  སྐལ་བཟང་སྦྱིན་པ་ལགས་ཀྱི་འདས་མཆོད་སྒྲུབ་སར་ཕྱིན་ཏེ།  ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་མདོ་བ་ནས་རེབ་གོང་རོང་བོ་དགོན་ཆེན་ལ་བསྐྱོད་སྐབས། ལམ་བར་གྱི་བོན་པོ་ཉག་ཁ་ཞེས་པ་ནས་ཉེན་རྟོག་པས་གསང་བའི་ངང་ལམ་སྒུག་བྱས་ཏེ།  ཁོང་གཉིས་དང་འགྲོ་རོགས་མདོ་བའི་རྒད་པོ་ཁ་ཤས་བཅས་ཚང་མ་འཇུ་བཟུང་བཙན་ཁྲིད་ཀྱིས།   རེབ་གོང་ཐོ་རྒྱ་སྡེ་བར་སླེབས་མཚམས་ཀྱི་ལམ་ཁ་ནས་རྒད་པོ་ཚོ་ཀློད་ཡོད་ནའང་།  དགེ་འདུན་པ་གཉིས་གང་དུ་ཁྲིད་མིན་ཤེས་རྟོགས་མ་བྱུང་གར་སོང་ཆ་མེད་དུ་གྱུར་ཡོད་པར་བརྟེན།  ནང་མི་དང་ཉེ་འབྲེལ་ཡོངས་ཀྱིས་སེམས་ཁྲལ་ཆེན་པོ་བྱས་པ་མ་ཟད།  ཁོང་གཉིས་ཀྱི་དགེ་རྒན་ཡིན་པ་ཨ་ལགས་རྒྱ་མཚོ་དང་སྡེ་མི་ཁ་ཤས་རྒྱ་གཞུང་ལས་ཁུངས་སུ་སོང་ནས།  ཉེས་མེད་ཀྱི་མི་འཇུ་བཟུང་བྱས་མི་ཆོག་པའི་ཞུ་གཏུག་ཡང་ཡང་བྱས་རྐྱེན་སྐབས་འཕྲལ་རིང་ཀློད་ཁུལ་བྱས་ཡོད་ནའང་།  རྗེས་སུ་བསྐྱར་དུ་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། ད་ཆར་ཤེས་རྟོགས་བྱུང་བ་ནི་དགེ་འདུན་པ་བརྩོན་འགྲུས་ཆོས་ལྡན་ལགས་ལ་རྒྱ་གཞུང་གིས་གསང་བའི་ངང་ཁྲིམས་ཐག་བཅད་ཡོད་འདུག

དགེ་འདུན་པ་བརྩོན་འགྲུས་ཆོས་ལྡན་ལགས་ནི་རེབ་གོང་མདོ་བ་མཁར་སྐྱ་སྡེ་བའི་ཕ་མཁའ་འགྲོ་དང་མ་ཀུ་ལེ་གཉིས་ཀྱི་བུ་ཡིན་ལ།  ད་ལྟ་ཁོ་རང་ལོ་ ༡༩ ཡིན་པ་དང་།  དེ་སྔོན་རེབ་གོང་རོང་བོ་དགོན་ཆེན་དུ་སློབ་གཉེར་གནང་བཞིན་ཡོད་འདུག

 

དེ་བཞིན།  ༢༠༡༢ ལོའི་ཕྱི་ཟླ་ ༡༡ ནང་རེབ་གོང་དུ་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་བྱུང་བར་རྐྱེན་བྱས་ཏེ། མདོ་བ་ཁྱི་ལྔ་སྡེ་བའི་མིང་ལ་ལྷ་མོ་ཟེར་ཞིང་།  ད་ལྟ་རང་ལོ་ ༢༠ ཡིན་པ་ཞིག་ལ་བོད་རང་བཙན་སྐད་འབོད་དང་རྒྱ་ནག་གི་རྒྱལ་དར་གཤགས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ།  ལོ་ ༢ ཀྱི་ཁྲིམས་ཐག་བཅད་རྗེས་ད་ལྟ་ཟི་ལིང་གི་བཙོན་ཁང་ཞིག་ཏུ་ཡོད་འདུག

 

མདོ་བ་ལྡོང་ངེ་སྡེ་བའི་བསམ་མེ་ཚང་གི་བུ་རང་ལོ་ ༡༧ ཡིན་པའི་སློབ་མ་ཞིག་ལ།  བོད་རང་བཙན་སྐད་འབོད་ཀྱི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ།  ལོ་ ༢ ་ཀྱིས་ཁྲིམས་ཐག་བཅད་ནས་ད་ལྟ་ཟི་ལིང་གི་བཙོན་ཁང་ཞིག་ཏུ་ཡོད་པ་ཤེས་རྟོགས་བྱུང་འདུག

 

མདོ་བ་མཁར་སྐྱ་སྡེ་བའི་དཀོན་མཆོག་ཚེ་བརྟན་གྱི་ཚ་བོ་རང་ལོ་ ༡༨ ཡིན་པའི་བསོད་འབུམ་ལགས་ལ།  བོད་རང་བཙན་སྐད་འབོད་བྱས་པ་དང་། རང་ལུས་མེར་བསྲེགས་གཏོང་མཁན་ཞིག་གི་འཕྲུལ་རྟའི་ནང་སྣུམ་བླུགས་རོགས་བྱས་པའི་ཉེས་འཛུགས་འོག་འཇུ་བཟུང་བཙན་ཁྲིད་བྱས་ཏེ།   ད་ལྟ་ཁྲིམས་ཐག་མ་བཅད་པར་ཟི་ལིང་གི་བཙོན་ཁང་ཞིག་ཏུ་བཀག་ཉར་འོག་ཡོད་འདུག

 

ལོ་སྔོན་མར་བོད་ནང་རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་མཚམས་མ་ཆད་པར་འབྱུང་བཞིན་པའི་སྐབས་དེར། མཚོ་སྔོན་ཕྱོགས་སུ་རྒྱ་ནག་གི་སྲིད་ཇུས་གསར་བ་གཏན་འབེབས་ཀྱིས་བརྡ་ཁྱབ་དང་དྲིལ་བསྒྲགས་ཡིག་ཆ་འདྲ་མིན་གང་སར་བཀྲམས་སྟེ། མི་མང་ལ་འཇིགས་སྐུལ་དང་སྡིག་ར་སྐུལ་ནས་དྲག་གནོན་ཧ་ཅང་ཤུགས་ཆེར་བྱས་ཡོད་པ་མ་ཟད། གོང་གསལ་བོད་མི་དེ་དག་ལའང་གསང་བའི་ཐོག་ནས་ཁྲིམས་ཐག་བཅད་འདུག