06/04/2020

རིན་པོའི་ཆེའི་འདས་རྐྱེན་ཐད་བསྐྱར་ཞིབ་དང་སྐུ་སྲིང་མ་སྨད་གཉིས་འཕྲལ་དུ་གློད་དགོས།

  •   
  •  
  •  
  •  
  •  
  •  
  •  

རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་འདས་རྐྱེན་ཐད་བསྐྱར་ཞིབ་བརྟག་དཔྱད་ཀྱིས་གསལ་ཁ་བཟོ་དགོས་པ་དང་། སྐུའི་སྲིང་མོ་སྒྲོལ་དཀར་མ་སྨད་གཉིས་ཁྲིམས་འགལ་འཇུ་བཟུང་བ་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད།

འཇུ་བཟུང་བཙན་འཁྲིད་བྱས་ཟིན་པའི་སྐུའི་སྲིང་མོ་སྒྲོལ་དཀར་ལྷ་མོ་ལགས་ཀྱི་པར།
འཇུ་བཟུང་བཙན་འཁྲིད་བྱས་ཟིན་པའི་སྐུའི་སྲིང་མོ་སྒྲོལ་དཀར་ལྷ་མོ་ལགས་ཀྱི་པར།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༧ ཉིན། ཟི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཟ་ཁང་ཞིག་ནང་ནས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སྐུ་སྲིང་རང་ལོ་ ༥༢ ཡིན་པའི་སྒྲོལ་དཀར་ལྷ་མོ་དང་། ཁོ་མོའི་བུ་མོ་རང་ལོ་ ༢༥ ཡིན་པ་ཉི་མ་ལྷ་མོ་གཉིས་ལི་ཐང་རྫོང་གི་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། དེ་རྗེས་གནས་ཚུལ་གང་ཡང་ཤེས་རྟོག་ཐུབ་ཀྱི་མེད་པར་གར་སོང་ཆ་མེད་དུ་གནས་སྟངས་འོག་ལྷག་ཡོད་པ་རེད།

རྒྱ་གཞུང་གིས་རིན་པོ་ཆེའི་ནང་མི་དེ་གཉིས་འཇུ་བཟུང་དགོས་དོན་ནི། སྐུའི་སྲིང་མོ་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་རིན་པོ་ཆེའི་འདས་རྐྱེན་ཐད་བསྐྱར་ཞིབ་བརྟག་དཔྱད་དགོས་པའི་ཞུ་གཏུགས་བྱས་པ་དང་། རིན་པོ་ཆེའི་གདུང་ཐལ་ཕྱིར་ནང་མིར་རྩིས་སྤྲོད་དགོས་པའི་རེ་འདུན་བཏོན་པར་བརྟེན་ནས་འཇུ་བཟུང་བྱས་པ་ཞིག་ཆགས་ཡོད།

སྐུའི་སྲིང་མོ་སྒྲོལ་དཀར་ལྷ་མོའི་ཞུ་གཏུགས་དེ་ནི། རྒྱ་གཞུང་གིས་ཁྲིམས་ལུགས་གཞིར་བཟུང་ཁྲིམས་གཏུགས་བྱས་པ་ཞིག་ཆགས་ཡོད་སྟབས། ཁོང་མ་སྨད་གཉིས་འཇུ་བཟུང་བྱས་པའི་བྱ་སྤྱོད་དེ་ཁྲིམས་འགལ་ཆགས་ཡོད། འཇུ་བཟུང་བྱེད་མཁན་འབྲེལ་ཡོད་མི་སྣས་བསམ་བཞིན་ཁྲིམས་འགལ་གྱི་ནག་ཉེས་བཟོས་ཡོད་སྟབས། ཁྲིམས་ལུགས་གཞིར་བཟུང་འབྲེལ་ཡོད་མི་སྣར་ཁྲིམས་འགལ་ནག་ཉེས་འགལ་ལེན་བྱ་འཇུག་རྒྱུ་དེ་རྒྱ་གཞུང་གི་ཁྲིམས་ལུགས་སྡེ་ཁག་ལ་ཐད་ཀར་འགན་ཡོད་པ་རེད།

དེར་བརྟེན། རྒྱ་གཞུང་གིས་ཁོང་མ་སྨད་གཉིས་ཀྱི་ལུས་སེམས་ལ་མནར་གཅོད་ཕོགས་མ་བཅུག་པར་འཕྲད་དུ་གློད་གྲོལ་གཏོང་འཇུག་དགོས་པ་མ་ཟད། ཁྲིམས་ལུགས་གཞིར་བཟུང་རིན་པོ་ཆེའི་ནང་མིའི་ཞུ་གཏུགས་དགོས་འདུན་ལྟར། རིན་པོ་ཆེའི་གྲོངས་རྐྱེན་ཐད་བསྐྱར་ཞིབ་བརྟག་དཔྱད་ཐད་ཁྲིམས་ལུགས་ཀྱི་འགན་འཁུར་དགོས།

སྐུའི་སྲིང་མོ་སྒྲོལ་དཀར་ལྷ་མོའི་ཞུ་གཏུགས་དོན་ཚན་ལྔ་ཅན་དེ། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་བརྡལ་ཤུགས་ཆེན་པོ་ཕྱིན་ཡོད། འདི་ག་ལྟེ་གནས་ཁང་གི་ངོས་ནས་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་དང་། དེ་བཞིན། མི་སྤྱོད་ལས་འདས་པའི་མནར་གཅོད་བཀག་སྡོམ་དང་། ཆོས་དད་རང་དབང་། སྨྲ་བརྗོད་རང་དབང་། ཞི་བའི་འདུ་འཛོམས་རང་དབང་སོགས་ཀྱི་འགྲོ་བ་མིའི་ལྷན་ཁང་དག་ལ་ཞུ་འབུལ་གཏུགས་བཤེར་བྱས་ཡོད།

སྐུ་སྲིང་སྒྲོལ་དཀར་ལྷ་མོའི་བུ་མོ་ཉི་མ་ལྷ་མོའི་པར།
སྐུ་སྲིང་སྒྲོལ་དཀར་ལྷ་མོའི་བུ་མོ་ཉི་མ་ལྷ་མོའི་པར།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་བཙོན་འོག་རྐྱེན་འདས་སུ་བཏང་བ་དེ་ནི། འདས་པའི་ལོ་བཅུ་གསུམ་ལྷག་གི་བཙོན་འཇུག་དུས་ཡུན་ནང་། རིན་པོ་ཁོང་གི་འགྲོ་བ་མིའི་ཐོབ་ཐང་མང་པོ་ཞིག་རིམ་པར་རྡོག་རོལ་བཏང་བར་བརྟེན་ནས་བྱུང་བའི་འཇུག་འབྲས་ཤིག་ཆགས་ཡོད། དེར་བརྟེན། རིན་པོ་ཆེ་ཉེ་ཆར་གློ་བུར་འདས་གྲོངས་ཕྱིན་འདས་རྐྱེན་གང་ཡིན། ཁོང་གི་ནང་མིར་ཁ་གསལ་གཏིང་གསལ་བཟོ་དགོས་པ་ཙམ་དུ་མ་ཟད། རིན་པོ་ཆེ་ཁོང་བཙོན་འཇུག་བཀག་བསྐྱིལ་དུས་ཡུན་ཁྲོད། མི་སྤྱོད་ལས་འདས་པའི་གཅར་རྡུང་ཕོགས་ཡོད་མེད་དང་། བཙོན་ཁང་གི་བཙོན་པ་སྤྱི་མཚུངས་ལྟར་གྱི་ཐོབ་ཐང་སྤྲོད་ཡོད་མེད་སོགས་བརྒྱུད་རིམ་ཆ་ཚང་ལ་བསྐྱར་ཞིབ་བྱ་དགོས་ཀྱི་ཡོད།

སྤྱིར་བཏང་བཙོན་འཇུག་དུས་ཡུན་སྐབས་བཙོན་ཁང་ནང་འདས་གྲོངས་ཕྱིན་པའི་བཙོན་པ་སུ་ཞིག་ཡིན་ཡང་། དེའི་འདས་རྐྱེན་ཐད་འབྲེལ་ཡོད་ཁྲིམས་ལུགས་སྡེ་ཁག་གིས་ཞིབ་བཤེར་ཡང་དག་བྱས་ཏེ། འདས་པོའི་ནང་མིར་ཡིད་ཆེས་འཕེར་བའི་དཔང་སྐྱེལ་ཁ་གསལ་བྱ་དགོས་པ་དེ། རྒྱ་གཞུང་འབྲེལ་ཡོད་ཁྲིམས་ལུགས་སྡེ་ཁག་ལ་འགན་ཡོད་པ་རེད། ཡིད་སྐྱོ་བ་ཞིག་ལ། རྒྱ་གཞུང་གིས་ད་ལྟའི་བར་ཞིབ་འཇུག་བརྟག་དཔྱད་བྱ་རྒྱུའི་རྣམ་འགྱུར་ཙམ་ཡང་བསྡན་མེད་པ་རེད། ཡིན་ནའང་། རིན་པོ་ཆེའི་ནང་མི་དང་དད་ལྡན་མང་ཚོགས་ཀྱིས་མུ་མཐུད་རེ་སྒུག་བྱ་བཞིན་ཡོད།

༢༠༡༣ ཟླ་ ༡༡ ནས་བཟུང་ད་ལྟའི་བར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ནང་མི་རྣམས་ཁོང་ལ་ཐུག་འཕྲད་བྱེད་བཅུག་མེད་པ་རེད། དེ་ནི་བཙོན་ཁང་གིས་རིན་པོ་ཆེའི་ཁྲིམས་མཐུན་ཁེ་དབང་བཙན་འཕྲོག་བྱས་པ་ཞིག་ཆགས་ཡོད། དེར་མ་ཟད་རིན་པོ་ཆེའི་སྙིང་ཁམས་ལ་ན་ཚ་ཕོགས་སྟེ་གནས་སྟངས་སྡུག་དུ་ཕྱིན་པ་དང་། རྐང་པར་རྨས་སྐྱོན་བཟོས་ཏེ་ལག་རྟེན་ལ་ཁེན་ནས་མ་གཏོགས་འགྲོ་བསྐྱོད་མི་ཐུབ་པའི་གནས་སྟངས་ཆགས་ཡོད་པའི་སྐོར་གྱི་གནས་ཚུལ་འབྱོར་བ་ལྟར། ཕྱི་ལོ་ ༢༠༡༤ ལོར་འདི་ག་ལྟེ་གནས་ཁང་གིས་རིན་པོ་ཆེ་ཁོང་སྨན་བཅོས་ཆེད་གང་མགྱོགས་གློད་གྲོལ་གཏོང་དགོས་པ་དང་། བཙོན་ཁང་དུ་སྡོད་རིང་སྨན་བཅོས་མཐུན་འགྱུར་གྱི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་རིམ་པར་བྱས་ཡོད།

ཁྲིན་ཏུའུ་ཁྲོན་ཏུང་བཙོན་ཁང་གིས་རིན་པོ་ཆེ་གློ་བུར་རྐྱེན་འདས་སུ་བཏང་རྗེས། ནང་མིའི་ཞུ་གཏུགས་རེ་འདུན་སྣང་མེད་དུ་བཞག་ནས། རིན་པོ་ཆེའི་འདས་རྐྱེན་ཐད་བརྟག་དཔྱད་ཞིབ་འཇུག་གང་ཡང་མ་བྱས་པར་གློ་བུར་སྐུ་ཕུང་མེར་བསྲེགས་བཏང་བ་དང་། གདུང་ཐལ་ནང་མིར་རྩིས་སྤྲོད་མ་བྱས་པ་སོགས་ཁྲིམས་འགལ་བྱ་སྤྱོད་དེ་རིགས་ལ་བརྟེན་ནས། ཁོང་གི་འདས་རྐྱེན་ཐད་ས་གནས་བོད་རིགས་དད་ལྡན་མང་ཚོགས་ཀྱི་ངོས་ནས། བཙོན་ཁང་ནང་དུག་དྲངས་པ་དང་བསམ་བཞིན་མནར་གཅོད་བཏང་སྟེ་བཀྲོངས་པ་ཡིན་པའི་དོགས་སློང་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད།

དེར་བརྟེན། རྒྱ་གཞུང་འབྲེལ་ཡོད་ཁྲིམས་ལུགས་སྡེ་ཁག་གིས་རིན་པོ་ཆེའི་གྲོངས་རྐྱེན་ཐད་བརྟག་དཔྱད་དཔང་སྐྱེལ་བྱ་དགོས་པ་མ་ཟད། ཁོང་བཙོན་འཇུག་དུས་ཡུན་རིང་སྨན་བཅོད་མཐུན་འགྱུར་སྤྲོད་ཡོད་མེད་དང་། བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་བཏང་ཡོད་མེད་སོགས། ཕྱོགས་ཡོངས་ཀྱི་གནས་ཚུལ་ཐད་བསྐྱར་ཞིབ་བརྟག་དཔྱད་བྱ་དགོས་པ་དང་། དེ་བཞིན། ཁོང་བཙོན་འཇུག་དུས་ཡུན་སྐབས་ཀྱི་སྨན་བཅོས་དཔང་ཡིག་དང་། འདས་རྐྱེན་ཐད་སྨན་པའི་དཔྱད་ཞིབ་དཔང་ཡིག་ཆ་ཚང་བཙོན་ཁང་གི་འབྲེལ་ཡོད་མི་སྣའི་ལག་ཏུ་ཡོད་སྲིད་པས། དཔང་ཡིག་དེ་དག་དང་བསྐྱར་ཞིབ་མཇུག་འབྲས་སོགས་ཁོང་གི་ནང་མི་གཙོས་བོད་རིགས་དད་ལྡན་མང་ཚོགས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁ་གསལ་བ་བཟོ་དགོས།

ཕྱི་ལོ་ ༢༠༡༤ ལོའི་དམར་ཤོག་ཚོགས་འདུ་ཐེངས་བཞིའི་སྟེང་། རྒྱ་ནག་དམར་གཞུང་གིས་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་རྒྱུ་ཡིན་སྐོར་དྲིལ་བསྒྲགས་བྱས་ཡོད། ཡིན་ནའང་། ༢༠༡༤ ལོར་ཉུང་མཐར་ཡང་བོད་པ་ཆབ་སྲིད་བཙོན་པ་ ༡༠ བཙོན་འོག་ཏུ་རྐྱེན་སུ་བཏང་ཡོད་པ་རེད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་འདས་རྐྱེན་གསལ་ཁ་བཟོ་མིན་དེ་ནི། རྒྱ་གཞུང་གིས་སོ་སོའི་བརྗོད་ཀྱིན་པ་དེ་དངོས་སུ་ལག་ལེན་བསྟར་གྱིན་ཡོད་གསལ་འབྱེད་བྱ་ཐབས་དཔེ་མཚོན་ཆགས་ཀྱི་ཡོད་སྟབས། རྒྱ་གཞུང་གིས་རྒྱ་གཞུང་རང་གི་ཁྲིམས་ལུགས་ནང་གཏན་ལ་ཕབ་པའི་འབྲི་དོན་ལྟར། རིན་པོ་ཆེའི་འདས་རྐྱེན་གསལ་ཁ་བཟོ་རྒྱུ་དེ་ཧ་ཅང་འགན་འགག་ཅིག་ཏུ་ངོས་འཛིན་བྱ་བཞིན་ཡོད།