17/01/2021

རིན་པོ་ཆེའི་གདུང་ཐལ་ཕྱིར་བཙན་འཕྲོག་དང་སྐུ་སྲིང་མ་སྨད་གཉིས་གློད་འདུག

  •   
  •  
  •  
  •  
  •  
  •  
  •  

delekསྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ནང་མི་དང་ས་གནས་དད་ལྡན་མང་ཚོགས་ཀྱི་ཞུ་འབོད་རིམ་པར་ཞུས་པ་བརྒྱུད། རིན་པོ་ཆེའི་གདུང་ཐལ་ཕྱིར་ནང་མིར་རྩིས་སྤྲོད་ཁས་ལེན་བྱས་ཡོད་ཀྱང་། བོད་མི་བཞིས་རིན་པོ་ཆེའི་གདུང་ཐལ་གདན་འདྲེན་གྱི་ལམ་སྐབས་སུ་ཉེན་རྟོག་པས་ཕྱིར་བཙན་འཕྲོག་བྱས་ཡོད་པ་དང་། དེ་བཞིན། ཉེ་སྔོན་འཇུ་བཟུང་བཀག་ཉར་བྱས་པའི་རིན་པོ་ཆེའི་སྐུ་སྲིང་དང་ཚ་མོ་གཉིས་ཕྱིར་གློད་དེ་ནང་དུ་ལོག་ཡོད་ནའང་། ནང་མི་སྤུན་མཆེད་དག་གི་ཁ་པར་ཨང་གྲངས་ཚང་མར་ཕྱི་ཕྱོགས་འབྲེལ་གཏུགས་མི་ཐུབ་པ་བཟོས་ཡོད་པ་མ་ཟད། ནང་མི་སྤུན་མཆེད་ཚོར་ཚོགས་འདུ་བསྐངས་ཏེ་འཇིགས་སྐུལ་བྱས་ཡོད་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ༢༠༡༥ ཕྱི་ཟླ་ ༧ ཚེས་ ༡༦ ཉིན་གྱི་ཞོགས་པར་ཁྲིན་ཏུའུ་གྲོང་ཁྱེར་གྱི་འདབས་འབྲེལ་ཁྲོན་ཏུང་བཙོན་ཁང་གིས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐུ་ཕུང་བཙན་གྱིས་མེར་བསྲེགས་བཏང་རྗེས། གདུང་ཐལ་ཕྱིར་ཕ་ཡུལ་དུ་འཁུར་མཁན་བོད་མི་བཞི་མ་གཏོགས་དེ་གར་བསྡད་བཅུག་མེད་པ་ལྟར། ཉིན་དེའི་ཕྱི་དྲོ་ཉེན་རྟོག་པ་འགའི་ལྟ་རྟོག་མཉམ་འཁྲིད་འོག་བོད་མི་བཞི་པོ་དེས་རིན་པོ་ཆེའི་གདུང་ཐལ་འཁུར་ནས་ཕྱིར་ཡུལ་དུ་ལོག་པའི་ལམ་བར་དུ། འཁྲིད་མཁན་ཉེན་རྟོག་པའི་བཀོད་འདོམ་ལྟར་དགོང་མོ་དེར་ལྕགས་ཟམ་རྫོང་དུ་སྡོད་བཅུག་རྗེས། གློ་བུར་ཉེན་རྟོག་པ་མང་པོ་ཞིག་སླེབས་ཏེ་རིན་པོ་ཆེའི་གདུང་ཐལ་ཕྱིར་ཕ་ཡུལ་དུ་འཁུར་ཆོག་གི་མ་རེད། དེ་ནི་རྒྱ་ནག་དབུས་གཞུང་གི་བཀའ་རེད་ཅེས་བརྗོད་ནས། ཁོང་ཚོའི་ལག་ནས་རིན་པོ་ཆེའི་གདུང་ཐལ་བཙན་འཕྲོག་བྱས་ཡོད་འདུག སྐབས་དེར་བོད་མི་བཞི་པོ་དེས་ང་ཚོས་འབྲེལ་ཡོད་ལ་ཞུ་བ་མང་པོ་བརྒྱབ་སྟེ་རིན་པོ་ཆེའི་གདུང་ཐལ་ཕྱིར་སྤྲོད་རྒྱུ་ཁས་ལེན་གྱིས་སྤྲད་པ་རེད། གདུང་ཐལ་ང་ཚོར་ཕྱིར་སྤྲོད་རོགས་ཞེས་ཞུ་བ་བརྒྱབ་ཡོད་ཀྱང་། ཉེན་རྟོག་པ་དེ་དག་གིས་སྣང་འཇོག་གང་ཡང་མ་བྱས་པར་གདུང་ཐལ་བཙན་འཕྲོག་བྱས་ཡོད་པར་མ་ཟད། གདུང་ཐལ་ལྕགས་ཟམ་ཁའི་ཆུ་ནང་དུ་འདེབས་རྒྱུ་ཡིན་སྐོར་ལབ་ཡོད་འདུག

དེ་མིན། ཕྱི་ཟླ་ ༧ ཚེས་ ༡༧ ཉིན་རིན་པོ་ཆེའི་སྲིང་མོ་སྒྲོལ་དཀར་ལྷ་མོ་དང་ཚ་མོ་ཉི་མ་ལྷ་མོ་གཉིས་ཁྲིན་ཏུའུ་གྲོང་ཁྱེར་དུ་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཡོད་པ་ལྟར། ཕྱི་ཟླ་ ༧ ཚེས་ ༣༠ ཉིན་ཁོང་གཉིས་ཀློད་གྲོལ་བཏང་སྟེ་ཁྱིམ་དུ་བསླེབས་ཡོད་ནའང་། ད་ལྟའི་ཆར་རིན་པོ་ཆེའི་ནང་མི་སྤུན་མཆེད་ཡོངས་རྫོགས་ཀྱི་ཁ་པར་ཨང་གྲངས་ལ་བཀག་སྡོམ་བྱས་ཏེ་ཕྱི་ཕྱོགས་ནས་འབྲེལ་གཏུགས་མི་ཐུབ་པ་བཟོས་ཡོད་པ་མ་ཟད། ནང་མི་སྤུན་མཆེད་ཚང་མར་ཚོགས་འདུ་བསྡུས་ཏེ་སྐད་ཆ་གང་བྱུང་བཤད་ཆོག་གི་མེད་སྐོར་གྱི་སྡིགས་ར་སྐུལ་ཏེ་འཇིགས་སྐུལ་བྱས་ཡོད་འདུག

གཞན་ཡང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་དགོན་པའི་ནང་རྒྱ་གཞུང་གི་ལྟ་རྟོག་དམག་མི་རྣམས་མུ་མཐུད་འདུག་སྡོད་བྱས་ཡོད་པ་དང་། ཉེ་སྔོན་རིན་པོ་ཆེ་དགོངས་པ་རྫོགས་པའི་ཉིན་མོ་ནས་བཟུང་། དགོན་པའི་གྲྭ་ཚང་གིས་གཙོས་ས་གནས་དད་ལྡན་མང་ཚོགས་རྣམས་ཀྱིས་དགོན་པའི་ནང་མཆོད་འབུལ་སྨོན་ལམ་གནང་བཞིན་ཡོད་པ་ལྟར། དགོན་པའི་ནང་ཡོད་པའི་གྲྭ་པ་རྣམས་ཀྱིས་མཆོད་འབུལ་བྱེད་པར་ད་ལྟའི་ཆར་དམིགས་བསལ་དཀའ་ངལ་འཕྲད་ཀྱི་མེད་ནའང་། ཕྱི་ཟླ་ ༧ ཚེས་ ༡༧ ཉིན་གྱི་ཞོགས་པ་ནས་བཟུང་མི་མང་རྣམས་དགོན་པར་འགྲོ་རུ་མ་བཅུག་པར་སོ་སོའི་ཁྱིམ་དུ་སྡོད་དགོས་པའི་བཙན་བཀའ་བཏང་ཡོད་སྟབས། མི་མང་རྣམས་དགོན་པར་མཆོད་མཇལ་དུ་འགྲོ་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་འདུག

རིན་པོ་ཆེའི་ནང་མིའི་ངོས་ནས་ཁོང་གི་འདས་རྐྱེན་ཐད་བསྐྱར་དུ་བརྟག་དཔྱད་ཞིབ་འཇུག་གི་དགོས་འདུན་ཞུ་གཏུགས་བྱས་པ་རྣམས་རྒྱ་གཞུང་གིས་ཡ་མེད་བཏང་པར་མ་ཟད། དེ་སྔོན་གདུང་ཐལ་ཕྱིར་སྤྲོད་ཁས་ལེན་བྱས་པའང་ཁ་དན་ཚིག་ལ་མ་གནས་པར་རྩིས་མེད་བཏང་སྟེ། ལམ་སྐབས་སུ་ཉེན་རྟོག་པས་བཙན་འཕྲོག་བྱས་པའི་བྱ་སྤྱོད་དེ་རིགས་ནི། རྒྱ་གཞུང་རང་ཉིད་ཀྱི་རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ཁག་རྡོག་རོལ་དང་། དེ་བཞིན། རྒྱ་གཞུང་གིས་ངོས་འཛིན་མིང་རྟགས་བཀོད་ཡོད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱིས་མཚོན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཆིངས་ཁག་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཆགས་ཡོད།

དེར་མ་ཟད། རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པའི་འདས་རྐྱེན་ཐད་ལ་བསྐྱར་ཞིབ་བརྟག་དཔྱད་གང་ཡང་མ་བྱས་པར། ཐོག་མཐའ་བར་གསུམ་དུ་རིན་པོ་ཆེའི་འདས་རྐྱེན་གནས་ཚུལ་རྣམས་བག་སྦས་དང་། ཐ་ན་ཁོང་གི་གདུང་ཐལ་ཀྱང་ནང་མིར་རྩིས་སྤྲོད་མ་བྱས་པར་བཙན་འཕྲོག་བྱས་པ། ཁོང་གི་སྐུ་སྲིང་མ་སྨད་གཉིས་ཉེས་པ་གང་ཡང་མེད་པར་ཉིན་བཅུ་གྲངས་ལྷག་རིང་འཇུ་བཟུང་བཀག་བསྐྱིལ་བྱས་པ། དེ་བཞིན། རིན་པོ་ཆེའི་ནང་མི་སྤུན་མཆེད་ཚང་མར་བཀག་སྡོམ་དང་འཇིགས་སྐུལ་བྱེད་བཞིན་པའི་གནས་ཚུལ་དེ་དག་གི་རྐྱེན་པས། རིན་པོ་ཆེའི་འདས་རྐྱེན་ཐལ་སྔར་བའི་དོགས་སློང་བྱ་དགོས་པ་ཞིག་ཆགས་ཡོད།

དེ་བས། འདི་ག་ལྟེ་གནས་ཁང་གི་ངོས་ནས་རིན་པོ་ཆེའི་འདས་རྐྱེན་གསལ་བཤད་དགོས་པའི་ཐད། ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྡེ་ཚན་ལ་འབོད་སྐུལ་ཞུ་གཏུགས་བྱས་ཟིན་ལྟར། རྒྱ་གཞུང་གིས་རིན་པོ་ཆེའི་འདས་རྐྱེན་ཐད་ཚད་དང་ལྡན་པའི་སྒོ་ནས་བསྐྱར་ཞིབ་བརྟག་དཔྱད་བྱ་དགོས་པའི་ནན་སྐུལ་མུ་མཐུད་བྱེད་བཞིན་ཡོད་ལ། དེ་བཞིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་གཙོས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་དང་། འཛམ་གླིང་གི་རྒྱལ་ཁབ་ཁག་གིས་རྒྱ་གཞུང་ལ་དངོས་ཤུགས་བརྒྱུད་གསུམ་འབོད་སྐུལ་གནོན་ཤུགས་སྤྲོད་པ་བརྒྱུད། རིན་པོ་ཆེའི་འདས་རྐྱེན་ཐད་ཀྱི་དངོས་ཡོད་གནས་ཚུལ་རྣམས་ཁོང་གི་ནང་མི་གཙོས་དད་ལྡན་མང་ཚོགས་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་ལ་གསལ་བཤད་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད།