12/08/2020

ཡང་བསྐྱར་བོད་མི་ཞིག་གིས་༧གོང་ས་མཆོག་གི་སྐུ་པར་འཕྱར་ནས་སྐད་འབོད་གོམ་བགྲོད་བྱས་འདུག

  •   
  •  
  •  
  •  
  •  
  •  
  •  
རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་པའི་གྲྭ་འཇམ་དཔལ་རྒྱ་མཚོ་ལགས།
རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་པའི་གྲྭ་འཇམ་དཔལ་རྒྱ་མཚོ་ལགས།

དེ་རིང་གཟའ་ལྷག་པའི་ཉིན་བོད་མདོ་སྨད་རྔ་པ་རྫོང་མཁར་དུ། རྔ་པ་ཀིརྟི་དགོན་པའི་གྲྭ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་ཞི་བའི་སྐད་འབོད་གོམ་བགྲོད་བྱས་པར། རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་རེད།

འདི་ག་ལྟེ་གནས་ཁང་དུ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༩ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡༢ ཙམ་ལ། བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས། ལག་གཉིས་ཀྱིས་༸གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་མཐོན་པོར་བསྒྲེངས་ནས། བོད་ལ་རང་དབང་དགོས་པའི་ངོ་རྒོལ་སྐད་འབོད་གནང་བཞིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་གོམ་བགྲོད་བྱས་ཡོད་ཀྱང་། སྐབས་དེར་ཉེན་རྟོག་པ་ཡོང་ནས་ཁོང་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་གར་ཡོད་ཅི་བྱུང་གི་གནས་ཚུལ་གང་ཡང་ཤེས་རྟོགས་མ་ཐུབ་ཀྱི་མེད་པ་རེད།

རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་དྲག་གནོན་དབང་བསྒྱུར་གྱི་ད་ལྟའི་སྲིད་འཛིན་ས་ཁོངས་ལྟར་བྱས་ན། གྲྭ་འཇམ་དཔལ་རྒྱ་མཚོ་ལགས་ནི་ཟི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་རང་སྐྱོང་ཁུལ་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པའི་ཡིན་པ་དང་། ད་ལྟ་ཁོང་རང་ལོ་ ༢༡ ཡིན་འདུག ཁོང་གི་ཕའི་མིང་ལ་སུར་ཡ་དང་མའི་མིང་ལ་ཏཱ་རེ་སྐྱིད་ཟེར། ཁོང་ཚང་མིང་སྲིང་ལ་བུ་གཉིས་དང་བུ་མོ་གཅིག་བཅས་ཡོད་པའི་ནང་གི་ཆུང་ཤོས་དེ་ཡིན་འདུག ཁོང་ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་དེང་སྐབས་བློ་རིག་འཛིན་གྲྭ་ཡིན་པ་རེད།

རྒྱ་གཞུང་གིས་༧གོང་ས་མཆོག་གི་ཁ་བྲལ་བར་ངོས་འཛིན་གྱིས་མཚན་སྨད་སྣ་ཚོགས་དང་། བོད་ཁ་བྲལ་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་སྐོར་སྒྲོག་གིན་ཡོད་པ་རེད། ཡིན་ནའང་། བོད་ནང་གི་བོད་མི་རྣམས་ཀྱིས་༧གོང་ས་མཆོག་གི་སྐུ་པར་མཐོན་པར་འཕྱར་ཏེ། བོད་ལ་རང་དབང་དགོས་པ་དང་། ༧གོང་ས་མཆོག་བོད་ལ་ཕེབས་དགོས་པའི་སྐད་འབོད་གོམ་བགྲོད་རིམ་པར་བྱེད་བཞིན་ཡོད་པ་རེད། དཔེར་ན། ཉིན་གཉིས་ཀྱི་སྔོན་སྟེ་ཕྱི་ཚེས་ ༧ ཉིན་རྔ་པ་རྫོང་མཁར་དུ་གྲྭ་བློ་བཟང་སྐལ་བཟང་ལགས་ཀྱིས་ཀྱང་། ལག་ཏུ་༧གོང་ས་མཆོག་གི་སྐུ་པར་འཕྱར་ཏེ་ཞི་བའི་སྐད་འབོད་གོམ་བགྲོད་བྱས་པར་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་བྱས་ཡོད། དེ་བཞིན། ཕྱི་ཟླ་ ༨ ཚེས་ ༡༨ ཉིན་ཁམས་ལི་ཐང་རྫོང་གི་ཁྲོམ་གཞུང་དུ་བློ་བཟང་ཐུབ་བསྟན་ལགས་དང་། ཕྱི་ཟླ་ ༨ ཚེས་ ༡༥ ཉིན་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་ཁྲོམ་གཞུང་དུ་བུ་མོ་འོད་དཀའ་སྐྱིད་ལགས། ཕྱི་ཟླ་ ༧ ཚེས་ ༡༥ ཉིན་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་ཁྲོམ་གཞུང་དུ་བུ་མོ་དབང་མོ་ལགས་བཅས་ནས། སྔ་རྗེས་སུ་ཁྲོམ་གཞུང་སྲང་ལམ་དུ་ཐོན་ནས་ལག་གཉིས་ཀྱིས་༧གོང་ས་མཆོག་གི་སྐུ་པར་འཕྱར་ཏེ། བོད་ལ་རང་དབང་དགོས་པ་དང་༧གོང་ས་མཆོག་བོད་ལ་གདན་འདྲེན་དགོས་པ་སོགས་ཀྱི་སྐད་འབོད་གོམ་བགྲོད་གནང་སྟེ། ཞི་བའི་སྒོ་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་བསྒྱུར་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད་པ་རེད།