03/08/2020

འཛམ་གླིང་རྒྱལ་ཁབ་ཚང་མ་མཉམ་འབྲེལ་གྱིས་རྒྱ་གཞུང་གི་མི་སྤྱོད་ལས་འདས་པའི་བསམ་སྦྱོར་འགོག་རྒོལ་གནང་བའི་འབོད་སྐུལ། བོད་དོན་ལས་འགུལ་བ་ཚེ་རིང་ཆོས་སྒྲུབ།

  •   
  •  
  •  
  •  
  •  
  •  
  •  

“ང་ཚོ་བོད་མི་དང་ཡུ་གུར། སོག་པོ་དང་ཐའེ་ཐན། ཧོང་ཀོང་མི་མང་སོགས་ཚང་མས་འཛམ་གླིང་མཉམ་འབྲེལ་རང་བཞིན་གྱི་ནུས་སྟོབས་ཤུགས་ཆེར་གཏོང་བ་དང་། ལས་འགུལ་དང་འབད་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ང་ཚོའི་མི་མང་ལ་མི་སྤྱོད་ལས་འདས་པའི་དབང་སྒྱུར་དྲག་གནོན་བྱེད་བཞིན་པར་འགན་འཁུར་དུ་འཇུག་དགོས་པའི་གནད་འགག་གི་དུས་ལ་བབ་ཡོད།”

གཟའ་འཁོར་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཚེ་རིང་ཆོས་སྒྲུབ་ཨ་རིའི་མངའ་སྡེ་ཁཱ་ལེ་ཧྥོར་ནེ་ཡའི་བྱང་ཁུལ་བོད་རིགས་སྤྱི་མཐུན་ཚོགས་པའི་(Tibetan Association of Northern California)སྤྱི་ཁྱབ་དྲུང་ཆེར་མ་གྱུར་སྔོན་ལ་ཁོས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་(International Tibet Network)དུ་འདས་པའི་ལོ་ངོ་བཅུ་ཙམ་རིང་ལས་ཀ་བྱས་མྱོང་བ་དང་། དེའི་བར་དུ་ཁོ་ཨ་རིའི་ཨེ་ཤ་ཡ་སྤྱི་ཚོགས་འཕྲོད་བསྟེན་(Community Health for Asian Americans (CHAA)གྱི་བོད་རིགས་བདེ་ཐང་ཞུ་གཏུག་གི་ལས་ཀར་ཞུགས་མྱོང་བ་རེད།

“ང་ཚོས་ཤེས་གསལ་ལྟར་དེང་གི་ཏོག་དབྱིབས་ནད་དུག་ཁྱབ་གདལ་དང་བསྟུན་ནས་རྒྱ་གཞུང་གིས་འཛམ་བུ་གླིང་ལོག་ལམ་དུ་འགྱུར་ཐབས་དང་། ཏོག་དབྱིབས་ནད་དུག་ཐད་ཀྱི་འཛམ་གླིང་གི་མཐོང་སྣེ་དངོས་སྒྱུར་རྩིས་བྱེད་ཅིང་། རིམས་ནད་ཀྱིས་འཛམ་གླིང་གི་བདེ་ཐང་དང་དཔལ་འབྱོར་ལ་གོད་ཆག་ཚབས་ཆེན་ཐེབས་ཡོད། དེང་སྐབས་རྒྱ་གཞུང་གིས་རྒྱ་ནག་ལྷོ་རྒྱུད་རྒྱ་མཚོའི་མངའ་ཁུལ་རྩོད་གླེང་གཙོས་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ཧིན་བོད་མཐའ་མཚམས་རྩོད་གཞི་དངོས་དང་། ཏོག་དབྱིབས་ནད་དུག་གི་འབྱུང་རྐྱེན་དངོས་གསང་བའི་གཡོ་ཇུས་བཤམས་ཡོད།

“ད་ཆར་ང་ཚོས་ཕན་ཚུན་ལ་ཕྱར་བ་གྲུ་འདེགས་དང་སོ་སོའི་སྲིད་གཞུང་ཁག་ལ་ང་ཚོའི་མངོན་འདོད་དངོས་ལ་དོ་སྣང་གནང་བའི་ཛ་དྲག་གི་འབོད་སྐུལ་ཞུ་བ་དང་རྒྱ་གཞུང་ལ་རྒྱ་གཞུང་གི་མི་སྤྱོད་ལས་འདས་པའི་བསམ་སྦྱོར་གྱི་འགན་འཁུར་དུ་འཇུག་པའི་དུས་ལ་འཁེལ་ཡོད། ང་ཚོས་ད་དུང་རང་རང་གི་སྲིད་གཞུང་ཁག་ལ་རྒྱ་གཞུང་དང་ཚོང་འབྲེལ་མི་ཆོག་པའི་ཁྲིམས་གཞི་གཏན་འབེབ་བྱེད་པའི་ཛ་དྲག་གི་འབོད་སྐུལ་ངེས་པར་དུ་ཞུ་དགོས།”

ཚེ་རིང་ཆོས་སྒྲུབ་ཐེངས་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་ཀྱིས་རྒྱ་གཞུང་ལ་འབོད་སྐུལ་གནང་དོན།

༡༽ ཞི་བའི་འདུ་འཛོམ་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་རྩ་འཛིན་དང་འགལ་བའི་རྒྱ་གཞུང་གི་ལག་བསྟར་སྲིད་ཇུས་ཁག་མྱུར་དུ་མཚམས་འཇོག་དགོས།

༢༽ ཞི་རྒོལ་བར་བཙན་དབང་གིས་དྲག་གནོན་དང་བཀག་བསྐྱིལ་བྱེད་ཐབས་ཀྱི་སྲིད་ཇུས་མེད་པར་བཟོ་དགོས།

༣༽ ཞི་རྒོལ་བ་གང་བྱུང་བཀག་ཉར་དང་མནར་གཅོད་གཏོང་མཁན་སྲིད་གཞུང་གི་དཔོན་རིགས་ཚོར་ཉེས་ཆད་འགེལ་དགོས།

༤༽ བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་དང་། སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་གཉིས་ལ་ལག་བསྟར་ཆོག་མཆན་འགོད་དགོས།

༥༽ ཞི་བའི་འདུ་འཛོམ་དང་ཚོགས་འཛུགས་རང་དབང་གི་ཐོབ་ཐང་ཐད་ཀྱི་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་གདད་ཞུ་ཞུས་ནས། ད་ལྟའི་བོད་ནང་གི་ཞི་བའི་འདུ་འཛོམ་རང་དབང་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་རྒྱུས་ལོན་བྱེད་དུ་འཇུག་དགོས།

ཕྱི་ཟླ་༥ ཚེས་༣ ཉིན་ནས་འདི་ག་ལྟེ་གནས་ཁང་གིས་ཞི་རྒོལ་ཐོབ་ཐང་གི་ལས་འགུལ་འགོ་བཙུགས་ཏེ། བོད་མིའི་ཞི་རྒོལ་སྙིང་སྟོབས་དང་སེམས་ཤུགས་བཅས་མཚོན་པའི་བྱུང་རིམ་ལོ་རྒྱུས་འགྲེམ་སྤེལ་གྱིས། ད་ཆར་རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་གི་གོ་སྐབས་བེད་སྤྱད་ནས། བོད་ནང་དུ་ཞི་བའི་ཐོག་ནས་འདོད་མོས་མེད་པའི་རྣམ་འགྱུར་ཇི་འདྲ་ཞིག་བསྟན་ནའང་། དེ་ལ་ཚབས་ཆེའི་དྲག་གནོན་དང་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་སྦེད་ཐབས་ཀྱི་སྒྲིབ་གཡོག་བཤུས་ཏེ། བོད་མིའི་སྨྲ་བརྗོད་རང་དབང་གསལ་འདོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

འདི་ལོའི་ཕྱི་ཟླ་༡༢ ཚེས་༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་བར་དུ། ཐེངས་འདིའི་ལས་འགུལ་བརྒྱུད་བོད་དོན་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་མི་སྣ་༣༠ ཡི་རེ་འདུན་དང་བློ་སྤོབས། ཞི་རྒོལ་བཅས་ཀྱི་གནས་ཚུལ་རིམ་པར་སྤེལ་འཆར་ཡོད།