16/12/2019

འཛམ་གླིང་མནར་གཅོད་བཀག་སྡོམ་ཉིན་མོའི་གསར་འགོད་གསལ་བསྒྲགས།

  •   
  •  
  •  
  •  
  •  
  •  
  •  
༼ཤ་ཟད་རུས་ལ་མ་ཐུག་བར༽ཞེས་པའི་བོད་ནང་གི་མནར་གཅོད་དཀའ་སྡུག་མཚོན་པའི་བརྙན་འཁོར།
༼ཤ་ཟད་རུས་ལ་མ་ཐུག་བར༽ཞེས་པའི་བོད་ནང་གི་མནར་གཅོད་དཀའ་སྡུག་མཚོན་པའི་བརྙན་འཁོར།

ཕྱི་ཟླ་ ༦ ཚེས་ ༢༦ ཉིན་ནི། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་མནར་གཅོད་བཀག་སྡོམ་ཉིན་མོར་སྲུང་བརྩི་ཞུ་བཞིན་པ་ལྟར། འདི་ག་ལྟེ་གནས་ཁང་གི་ངོས་ནས་ཀྱང་ཉིན་མོ་འདི་བཞིན་སྲུང་བརྩི་ཞུ་བཞིན་ཡོད། ཉིན་མོ་འདིར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས། གཅིག་སྡུད་ལམ་ལུགས་ཀྱི་དྲག་པོའི་སྲིད་དབང་འོག་མནར་གཅོད་མྱངས་དང་མྱོང་བཞིན་པའི་འཛམ་གླིང་གི་སྐྱེས་བོ་ཚང་མར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད་ལ། ལྷག་པར་དུ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སྟེ། སྨྲ་བརྗོད་རང་དབང་དང་བསམ་བློ་རང་དབང་། འདུ་འཛོམས་རང་དབང་སོགས་ལོངས་སྤྱོད་ཆེད། མི་སྤྱོད་ལས་འདས་པའི་མནར་གཅོད་འོག་ཚུད་མཁན་ཚོར་དམིགས་བསལ་གུས་བརྩི་དང་ཆེ་མཐོང་ཞུ་བཞིན་ཡོད།

དེ་རིང་གི་ཉིན་མོ་འདིར་འདི་ག་ལྟེ་གནས་ཁང་གི་ངོས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱིས་གཏན་ལ་ཕབ་པའི་གྲོས་གཞི་ཨང་གྲངས་ ༥༢།༡༤༩ གཞིར་བཟུང་། ཕྱི་ཟླ་ ༦ ཚེས་ ༢༦ ཉིན་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་མནར་གཅོད་བཀག་འགོག་ཉིན་མོའི་དམིགས་ཡུལ་ཁག་ལམ་ལྷོངས་ཡོང་བར་འབད་བརྩོན་དང་ཡིད་ཆེས་བརྟན་པོ་བཅངས་བཞིན་ཡོད། དུས་དྲན་ཉིན་མོ་འདིའི་དམིགས་ཡུལ་ནི་མཐའ་གཅིག་ཏུ་མནར་གཅོད་རིགས་རྩ་མེད་གཏོང་རྒྱུ་དང་། རྒྱལ་ཚོགས་ཀྱིས་ ༡༩༨༧ ལོའི་ཟླ་ ༦ ཚེས་ ༢༦ ཉིན་གཏན་ལ་ཕབ་པའི་མི་སྤྱོད་ལས་འདས་པའི་མནར་གཅོད་བཀག་སྡོམ་སྐོར་གྱི་སྤྱི་ཆིངས་རྣམས་ལག་བསྟར་དོན་འཁྱོལ་ཡོང་རྒྱུ་དེ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གསལ་བསྒྲགས་བྱས་པ་ལྟར། མནར་གཅོད་ནི་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུར་ནག་ཉེས་ཀྱི་བྱ་སྤྱོད་ཅིག་ལ་ངོས་འཛིན་བྱས་ཡོད་ལ། དེ་ནི་འགྲོ་བ་མིའི་རིགས་ཀྱི་ལྷན་སྐྱེས་གཤིས་སྤྱོད་ལ་བཤུ་གཞོག་གཏོང་མཁན་གྱི་ནག་ཉེས་བྱ་སྤྱོད་ཅིག་ཡིན། གང་ཟག་ཅིག་གིས་གང་ཟག་གཞན་ཞིག་ལ་མནར་གཅོད་གཏོང་བ་ལས་ལྷག་པའི་ཆེས་གདུག་རྩུབ་ཀྱི་བྱ་སྤྱོད་གཞན་གང་ཡང་མེད་ཅེས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གསལ་བརྗོད་བྱས་ཡོད། དེའི་རྒྱུ་མཚན་ནི་མནར་གཅོད་ཀྱི་དམིགས་ཡུལ་གཙོ་བོ་ནི། འགྲོ་བ་མིའི་ལྷན་སྐྱེས་གཤིས་སྤྱོད་རྣམས་རྩ་མེད་གཏོང་རྒྱུ་དེ་ཡིན་པ་མ་ཟད། འགྲོ་བ་མིའི་ལྷན་སྐྱེས་ཆེ་མཐོང་ལ་དམའ་འབེབས་རྡོག་རོལ་གྱི་བྱ་སྤྱོད་ཅིག་ཆགས་ཡོད།

རང་དབང་ཅན་གྱི་གསར་འགོད་པ་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ། དེ་བཞིན། ཉམས་ཞིབ་པ་དག་གིས་ཁུངས་སྐྱེལ་ར་སྤྲོད་བྱས་པ་ལྟར། བོད་དང་རྒྱ་ནག་ནང་མནར་གཅོད་གཏོང་བཞིན་པའི་གནས་སྟངས་ཤུགས་ཆེན་པོ་ཡོང་བཞིན་ཡོད་ལ། རྒྱ་གཞུང་གི་མགོ་ཁྲིད་ཚོས་མནར་གཅོད་གཏོང་ཐབས་རིགས་བེད་སྤྱོད་བྱས་ཏེ། ཆབ་སྲིད་བཙོན་པ་རྣམས་ལ་མི་སྤྱོད་ལས་འདས་པའི་གདུག་རྩུབ་མནར་གཅོད་གཏོང་བཞིན་ཡོད། དཔེར་ན། བོད་ནང་དུ་བོད་མི་ཚོའི་ངོས་ནས་༧གོང་ས་མཆོག་བོད་དུ་གདན་འདྲེན་དགོས་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་དད་མོས་རང་དབང་དགོས་ཞེས་ཞི་བའི་སྐད་འབོད་བྱས་པ་ཙམ་གྱིས་ཀྱང་། འཇུ་བཟུང་བཀག་ཉར་ཐོག་མནར་གཅོད་དྲག་པོ་གཏོང་བཞིན་ཡོད། བོད་མི་རྣམས་ལ་མནར་གཅོད་གཏོང་སྟངས་དཔེར་མཚོན་ཙམ་བརྗོད་ན། དཔྲལ་བར་ཐ་མག་གིས་མེར་བསྲེགས་བྱེད་པ་དང་། བྲང་ཁར་རྡོག་བརྫིས་གཏོང་བ། གནམ་བཏེགས་རྒྱག་པ། གློག་རྒྱུགས་སྣ་ཚོགས་ཀྱིས་སྣུན་པ། རྐང་ལག་དང་མཐེ་བོང་ལྕགས་སྒྲོག་གིས་བཅུམས་པ། ཆུ་ཚོད་མང་པོའི་རིང་གཉིད་དང་ཟ་མ་བཀག་པ། ཡུན་རིང་གྲང་ངར་ཁྲོད་འཁྱགས་ལུམས་དུ་འཇུག་པ། དེ་བཞིན། ཁེར་རྐྱང་དུ་མུན་བཙོན་དུ་འཇུག་པ་སོགས་རེད། མནར་གཅོད་དེ་རིགས་ཀྱིས་བཙོན་དུ་ཚུད་པའི་བོད་མི་རྣམས་ཀྱི་ལུས་ལ་རྨ་ཁ་བཟོས་པ་མ་ཟད། སེམས་ལ་དྲག་སྐྱེལ་དཀའ་བའི་རྨ་ཁ་ཟབ་མོ་བཟོ་བཞིན་ཡོད་དེ། བོད་དེ་དག་གིས་སེམས་སུ་སྡུག་བསྔལ་དང་དངངས་སྐྲག་གིས་ཁེངས་པ་དང་། འཚོ་གནས་ལ་ཡི་ཐང་ཆད་དེ་ཆང་རག་དང་དུ་ནག་སྤྱོད་ཀྱི་ཡོད་པ་མ་ཟད། སྐབས་རེར་རང་ཤི་རྒྱག་རྒྱུའི་བསམ་བློ་འཁོར་ཡོང་གི་ཡོད་པ་རེད།

རྒྱལ་སྤྱིའི་མནར་གཅོད་བཀག་སྡོམ་ཉིན་མོ་འདིར། འདི་ག་ལྟེ་གནས་ཁང་གིས་ཆེད་དམིགས་བོད་ནང་གི་མནར་གཅོད་ཐད་བཟོ་སྐྲུན་བྱས་པའི་༼ཤ་ཟད་རུས་ལ་མ་ཐུག་བར༽ཞེས་པའི་དངོས་བྱུང་གློག་བརྙན་ཞིག་གཟིགས་འབུལ་ཞུ་བཞིན་ཡོད། གློག་བརྙན་དེ་ནི་རྒྱ་གཞུང་གི་གཅིག་སྡུད་དྲག་གནོན་འོག་མནར་གཅོད་མྱངས་པའི་བོད་རིགས་རྒན་གཞོན་ཕོ་མོ་དྲུག་ལ་དྲི་བ་དྲིས་ལན་བྱས་པའི་སྐོར་ཡིན། ཁོང་ཚོས་བོད་ཀྱི་རང་དབང་ཆེད་ཞི་བའི་སྐད་འབོད་བྱས་པར་བརྟེན་ནས། རྒྱ་གཞུང་གིས་ཁོང་ཚོར་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་ཡོད། མནར་གཅོད་མྱངས་མཁན་བོད་མི་དེ་དག་གི་མི་ཚེ་ལོ་རྒྱུས་ཀྱིས། མི་སྤྱོད་ལས་འདས་པའི་མནར་གཅོད་ལ་གདོང་ལེན་བྱེད་པའི་སྙིང་སྟོབས་དང་ཆེ་མཐོང་། བཟོད་བསྲན་བཅས་འགྲོ་བ་མིའི་ལྷན་སྐྱེས་ཀྱི་གཤིས་སྤྱོད་བཟང་བོ་རྣམས་མངོན་པར་བྱས་ཡོད། ལྷག་པར་དུ་ཁོང་ཚོས་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་ཆེད། རང་ཉིད་ལ་མནར་གཅོད་གཏོང་མཁན་གྱི་དགྲ་བོའི་གདུག་རྩུབ་ལ་བཟོད་བསྲན་དང་གུ་ཡངས་བྱེད་པའི་འདུན་པ་བཅིངས་ཡོད་པ་དེས། འགྲོ་བ་མིའི་རིགས་ཀྱི་བདེན་ལུགས་སྐྱོང་བའི་མཐའ་མའི་རྒྱལ་ཁ་དེ་སུ་ལ་ཐོབ་ཡོད་མེད་གསལ་པོར་བསྟན་ཡོད།

དེ་ཡང་། གློག་བརྙན་ནང་དུ་ཆབ་སྲིད་བཙོན་ཟུར་ཚེ་རིང་རྒྱ་མཚོ་ལགས་ཀྱིས། ༼རྒྱ་ནག་མགོ་ཁྲིད་ཚོས་ང་ཚོ་ཆབ་སྲིད་བཙོན་པ་རྣམས་ལ་མནར་གཅོད་བཏང་སྟེ་སྤྱི་ཚོགས་འཚོ་བའི་ཁྲོད་རིགས་འཚོ་མ་ཐུབ་པ་བཟོ་བཞིན་ཡོད། དེ་བཞིན། ཁོང་ཚོས་དེ་སྔ་ནས་འཆར་གཞི་སྒྲིག་སྟེ་ང་ཚོ་བཙོན་གྲོལ་ཐོབ་རྗེས་སྤྱི་ཚོགས་ཁྲོད་མི་ཚེར་ཁུངས་རྟེན་མེད་པ་བཟོ་བཞིན་ཡོད། དེ་བས་ང་རང་བཙོན་གྲོལ་ཐོབ་རྗེས་སློབ་སྦྱོང་ཡག་པོ་ཞིག་ཐོབ་པར་བྱས་ཏེ། སོ་སོའི་ལྷན་སྐྱེས་ཀྱི་འཇོན་ནུས་བེད་སྤྱོད་བྱས་པའི་ཐོག་ནས། དེ་སྔ་ལས་ལྷག་པའི་མི་ནུས་པ་ཅན་ཞིག་ཏུ་འགྱུར་ཐུབ་བྱ་རྒྱུ་ཡིན། རྒྱ་གཞུང་གིས་ང་ཚོའི་མི་ཚེ་ཁུངས་རྟེན་མེད་པ་བཟོ་རྒྱུའི་འཆར་གཞི་དེར་ངས་འདི་ལྟར་གདོང་ལེན་བྱེད་བཞིན་ཡོད།༽ཅེས་བརྗོད་པ་ལྟར་རོ། །

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས།
ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢༦ ཉིན་ལ།