09/08/2020

འབྲི་རུ་རྫོང་དུ་རྒྱ་དར་བསྒྲེངས་འཛུགས་ངོས་ལེན་མ་བྱས་པར་བརྟེན་བོད་མིར་དྲག་གནོན།

  •   
  •  
  •  
  •  
  •  
  •  
  •  
driru10_2
འབྲི་རུ་རྫོང་དུ་རྒྱ་གཞུང་གིས་དམག་མི་འགྲེམས་འཇོག་གིས་དམ་དྲག་བྱེད་བཞིན་པའི་རྣམ་པ།

རྒྱ་གཞུང་གིས་ཁམས་འབྲི་རུ་རྫོང་གི་གྲོང་སྡེ་ཁག་ནང་ལས་བྱེད་འབོར་ཆེན་བཏང་སྟེ། མི་ཚང་རེ་རེའི་ཁང་ཐོག་ཏུ་རྒྱ་ནག་གི་རྒྱལ་དར་བསྒྲེངས་འཛུགས་དགོས་པའི་བཙན་དྲག་ལས་འགུལ་སྤེལ་བར་བརྟེན། ས་གནས་བོད་རིགས་མང་ཚོགས་དང་རྒྱ་གཞུང་དྲག་ཆས་ཉེན་རྟོག་པའི་བར་འཁྲུག་འཛིང་ཤོར་ཡོད་པ་མ་ཟད། བོད་མི་མང་པོ་འཇུ་བཟུང་བཀག་ཉར་བྱེད་བཞིན་ཡོད་འདུག
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་༡༠ ཉིན་ནས་འབྲི་རུ་རྫོང་ལ་བོད་རང་སྐྱོང་ལྗོངས་དང་ནག་ཆུ་ས་ཁུལ། དེ་བཞིན་ས་གནས་ཁག་གི་རྒྱ་གཞུང་ལས་བྱེད་ ༡༨༠༠༠ ལྷག་འབྱོར་ནས། ཡུལ་མི་རྣམས་ལ་དམར་ཤོག་དང་རྒྱལ་ཁབ་ལ་དགའ་ཞེན་དགོས་པ་དང་། སྐར་ལྔའི་དར་དམར་ཁྱིམ་ཚང་གི་ཁང་ཐོག་ལ་བསྒྲེངས་འཛུགས་དགོས་པའི་བཙན་བཀའ་བཏང་སྟེ། དྲག་གནོན་དབང་སྒྱུར་གྱི་ཆབ་སྲིད་བསམ་བློའི་སློབ་གསོ་རྒྱག་འགོ་བཙུགས་པར་བརྟེན། ས་གནས་བོད་རིགས་མང་ཚོགས་དང་རྒྱ་གཞུང་ལས་བྱེད་བར་མི་མཐུན་པའི་འགལ་ཟླ་བྱུང་མགོ་ཚུགས་ཡོད་འདུག
ཕྱི་ཟླ་ ༩ ཚེས་ ༢༨ ཉིན་དངོས་སུ་བཙན་ཤེད་ཀྱི་ཁྱིམ་ཚང་རེའི་ཁང་ཐོག་ཏུ་རྒྱ་གཞུང་གི་དར་དམར་འཛུགས་དགོས་པའི་བཀའ་ཕབ་པར་བརྟེན། མོ་བ་གྲོང་ཚོའི་གྲོང་མི་རྣམས་ཀྱིས་མི་འདོད་པའི་རྣམ་འགྱུར་བསྟན་ཡོད་པ་མ་ཟད། དར་དམར་ཚང་མ་བཀོག་སྟེ་ཆུ་ལ་གཡུག་ཡོད་པ་དང་། རྒྱ་གཞུང་གིས་ཉེན་རྟོག་པ་དང་དམག་མི་འབོར་ཆེན་བཏང་སྟེ། མང་ཚོགས་དང་དམག་མིའི་དབར་གདོང་ཐུག་བྱུང་ནས་དུས་ཡུན་ཆུ་ཚོད་གསུམ་རིང་ཕན་ཚུན་བར་འཁྲུག་འཛིངས་བྱུང་ཡོད་པ་དང་། མོ་བ་གྲོང་ཚོ་དང་སྨོན་ཆེན་གྲོང་ཚོ་ཚང་མ་དམག་གིས་བསྐོར་ཡོད་འདུག
ཉིན་དེར་རྒྱ་གཞུང་ལ་དྲག་གནོན་མ་བྱེད་རོགས་ཞེས་འབོད་སྐུལ་ཞུ་མཁན་ཉེ་འགྲམ་གྱི་སྟག་ལྷས་གྲོང་དང་། བ་རོ། སྣེ་ཤོད། ཕྲ་རིང་བཅས་ནས་བོད་མི་ ༤༠ ལྷག་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་མ་ཟད། མང་ཚོགས་ནང་གནས་ཚུལ་བཟོ་མཁན་དང་ངོ་རྒོལ་བྱེད་མཁན་རྣམས་ཀྱི་ཕྲུ་གུ་སློབ་གྲྭར་འགྲོ་མི་ཆོག་པ་དང་། ནད་པ་རྣམས་ལ་སྨན་ཁང་དུ་སྨན་བཅོས་བྱེད་མི་ཆོག་པ། རྗེས་སུ་དབྱར་རྩ་དགུན་འབུ་བརྐོ་བར་འགྲོ་མི་ཆོག་སོགས་ཀྱི་བཙན་བཀའ་བཏང་ཡོད་པ་མ་ཟད། རྒྱ་གཞུང་གིས་སློབ་ཕྲུག་རྣམས་སློབ་གྲྭ་ནས་ཕྱིར་འཕུད་གཏོང་གི་ཡིན་ཞེས་འཇིགས་སྐུལ་བྱས་ཡོད་སྟབས། ས་གནས་དེ་གའི་སློབ་མ་མང་པོ་ཞིག་སློབ་གྲྭ་ནས་ཐོན་ཏེ་སོ་སོའི་ནང་ལ་ལོག་ཡོད་འདུག
ཚེས་ ༢༨ ཉིན་གྱི་དགོང་མོའི་ཆུ་ཚོད་ ༧ ཙམ་ནས་ས་གནས་རྫོང་སྲིད་གཞུང་གི་སྒོ་འགྲམ་ལ་བོད་མི་མང་ཚོགས་ ༡༠༠༠ ལྷག་གིས་ཞི་བའི་འདུ་འཛོམས་ཐོག་བསྡེབས་ཉལ་བྱས་ཏེ། ཆུ་ཚོད་ཉེར་བཞིའི་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད། ཞི་རྒོལ་བྱེད་མཁན་གྱི་ཁྲོད་དུ་ཟླ་བ་གཉིས་ལས་ཕྱིན་མེད་པའི་བྱིས་པ་བཟུང་ནས་བསླེབས་མཁན་དང་། ལོ་ན་ ༨༣ སོན་པའི་ལོ་ལོན་ཡང་ཡོད་འདུག

driru10-4
ས་གནས་བོད་རིགས་མང་ཚོགས་རྣམས་འབྲི་རུ་རྫོང་གི་སྒོ་ཁར་བསྡེབས་ཉལ་གྱིས་ཟས་བཅད་ངོ་རྒོལ་བྱེད་བཞིན་པ།

མཚན་མོ་དེར་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཝུ་དབྱིང་ཅིས་དང་ས་གནས་དབུ་ཁྲིད་རྡོ་ཐོགས་བཅས་བསླེབས་ནས། འཛིན་བཟུང་བྱས་ཡོད་པའི་མི་སྣ་བཞི་བཅུ་དེ་ཕྱིར་ཀློད་ཡོད་འདུག་ཀྱང་། ཁོང་ཚོའི་མགོ་ལུས་ཡོངས་རྫོགས་ལ་ལྕགས་དབྱུག་གིས་གཞུས་ཏེ་རྨས་སྐྱོན་འདྲ་མིན་བཟོས་ཡོད་པ་དང་། ཕྱིར་ཀློད་པའི་སྐབས་སུ་ཁོ་ཚོར་པར་མང་པོ་བརྒྱབ་པ་མ་ཟད། ལག་རིས་སོགས་ཀྱང་པར་བརྒྱབ་རྗེས་ད་གཟོད་ཀློད་ཡོད་པ་རེད། འཇུ་བཟུང་བྱས་པའི་མི་བཞི་བཅུ་དེ་དག་ནི། སྟག་ལྷས་དང་བ་རོ། སྣེ་ཤོད། ཕྲ་རིང་ས་གནས་བཅས་ནས་ཡིན་འདུག
དེ་བཞིན། མོ་བ་གྲོང་དུ་དམག་སྒར་ཆེ་བ་གཅིག་དང་། སྨོན་ཆེན་དང་ཕྲ་རིང་བཅས་ལ་དམག་སྒར་ཆུང་བ་ཁག་གཅིག་དང་། ཞིབ་བཤེར་ས་ཚུགས་ཁག་ ༦ ཙམ་བརྒྱབ་ཡོད་འདུག ས་གནས་མང་ཚོགས་ཀྱིས་བརྗོད་པ་ལྟར་ན། ཟླ་༡༠ ཚེས་༡ ཉིན་བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ལྟེ་གནས་གྲོང་ཁྱེར་ལྷ་ས་དང་། གཞིས་རྩེ། ལྷོ་ཁ་བཅས་ནས་དམག་མི་སྟོང་ཕྲག་མང་པོ་འབྲི་རུར་བཏང་ཡོད་འདུག
ད་ལྟའི་ཆར། ཉེན་རྟོག་པས་བོད་མི་མང་པོ་ཉིན་རེ་བཞིན་འཇུ་བཟུང་བཀག་ཉར་བྱེད་བཞིན་ཡོད་འདུག་ཀྱང་། ཁ་པར་དང་བརྡ་འཕྲིན་གྱི་བརྒྱུད་ལམ་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་སྟབས། མི་དེ་དག་སུ་ཡིན་མིན་དང་ཁོང་ཚོར་མནར་གཅོད་གང་འདྲ་གཏོང་གི་ཡོད་མེད་མི་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། གྲོང་པ་ཁག་ཅིག་གི་མི་ཚང་རེ་རེའི་སྒོ་ཁར་དམག་མི་བདུན་ནས་བཅུའི་བར་ཉིན་མཚན་རེས་མོས་ཀྱིས་སྡོད་བཞིན་འདུག མ་གཞི་ཛ་དྲག་གི་གནས་ཚུལ་འདི་དག་གྲོང་སྡེ་གཅིག་གཉིས་ཤིག་ཁོ་ན་མ་ཡིན་པར། འབྲི་རུ་རྫོང་གི་ཡུལ་ལུང་སྤྱི་ཡོངས་ལ་དཀའ་ངལ་འདི་འཕྲད་བཞིན་ཡོད་པ་དང་། ས་གནས་མང་ཚོགས་ཀྱིས་ “དེང་སྐབས་ཁམས་འབྲི་རུ་རྫོང་དུ་རྒྱ་དམར་གུང་ཁྲན་ཚང་གི་རིག་གནས་གསར་བརྗེ་ཆེན་མོའི་ལས་འགུལ་སླར་ཡང་སླེབས་པ་འདྲ་བོ་འདུག” ཅེས་བརྗོད་ཀྱིན་ཡོད་འདུག
driru10_3རྒྱ་གཞུང་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བའི་ནང་། ༢༠༠༨ ལོ་ནས་བཟུང་རྒྱ་གཞུང་གིས་ནག་ཆུ་ས་ཁུལ་གྱི་བོད་ཁུལ་བརྟན་བརླིང་སྲུང་སྐྱོང་གི་སྲིད་ཇུས་འོག གཞི་རིམ་ས་གནས་ཁག་ཏུ་ལས་བྱེད་ ༡༢༠༠ ཆེད་གཏོང་བྱས་ཡོད་པ་མ་ཟད། དེའི་ཁྲོད་རྒྱ་རིགས་ལས་བྱེད་ ༢༣༠ ཡོད་པ་དང་། ཞང་གྲོང་ས་གནས་རེ་ལ་ཆ་སྙོམས་རྒྱ་རིགས་ལས་བྱེད་ ༢ ནས་ ༣ ཆེད་གཏོང་བྱས་ཡོད་ལ། ༢༠༡༢ ལོར་བོད་རང་སྐྱོང་ལྗོངས་སུ་ཉེན་རྟོག་མི་སྣ་ ༡༡༠༠ བསྡུ་རུབ་ཀྱིས་ས་གནས་གྲོང་སྡེ་ཁག་ཏུ་བཏང་ཡོད་པའི་ཁྲོད་ནས། ཉེན་རྟོག་མི་སྣ་ ༦༠༠ ནག་ཆུ་ས་ཁུལ་གྱི་འབྲི་རུ་དང་སྦྲ་ཆེན། ལྷ་རི། སོག་རྫོང་བཅས་འགྲེམས་འཇོག་བྱས་ཡོད་པ་མ་ཟད། ༢༠༡༣ ཕྱི་ཟླ་ ༨ ཚེས་ ༣༠ ཉིན་བརྙན་འཕྲིན་དང་ཁ་པར་གྱི་ལམ་ནས་ཁུལ་ཡོངས་སུ་ཚོགས་འདུ་བསྐངས་ནས། “དམར་ཤོག་པའི་མང་ཚོགས་ལམ་ཕྱོགས་སློབ་གསོ་སྤེལ་ཏེ་གཞི་རིམ་ཁུལ་དུ་དམར་ཤོག་རྩ་འཛུགས་རྒྱ་བསྐྱེད་དགོས་པའི་ལས་འགུལ་གཞི་འོག གཞི་རིམ་མང་ཚོགས་ཁྲོད་ཁ་བྲལ་ལ་ངོ་རྒོལ་དང་དམར་ཤོག་ལ་དགའ་ཞེན་དགོས་པའི་དྲིལ་བསྒྲགས་སློབ་གསོ་ཤུགས་ཆེན་སྤེལ་མགོ་བརྩམས་ཡོད་པ་རེད།