24/11/2020

འབྲི་རུ་རྫོང་དུ་བོད་ཀྱི་གླུ་བ་ཞིག་ལ་མི་ལོ་དྲུག་གི་བཙོན་ཐག་བཅད་པ་དང་། བོད་ནང་དུ་རྒྱ་གཞུང་གིས་མིའི་ཚེ་སྲོག་ལ་རྒོལ་བའི་ནག་ཉེས་ཚབས་ཆེན་བཟོས་འདུག

  •   
  •  
  •  
  •  
  •  
  •  
  •  

རྒྱ་གཞུང་གིས་བོད་ཀྱི་གཞོན་སྐྱེས་གླུ་བ་ལྷུན་འགྲུབ་གྲགས་པ་ཞུ་བར་མི་ལོ་༦ གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཅད་ཅིང་། ཁོང་བཙོན་འཇུག་བྱེད་དོན་གཙོ་བོ་ཁོང་གིས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སྲིད་གཞུང་གི་དྲག་གནོན་སྲིད་ཇུས་ལ་སྐྱོན་བརྗོད་ཀྱི་གླུ་བླངས་བར་ཁ་གཡར་བ་ཞིག་རེད། དེ་ཡང་ཕྱི་ཟླ་༣ པའི་ནང་གླུ་བ་གྲགས་པས་<<ཞྭ་མོ་ནག་པོ་>>ཞེས་པའི་གླུ་གཞས་དེ་བླངས་ནས་ཟླ་༢ ཙམ་གྱི་རྗེས་ཏེ། ཕྱི་ལོ་༢༠༡༩ ཟླ་༥ བའི་ནང་ཁོང་བཀག་བསྐྱིལ་བྱས་ཤིང་། འདི་ལོའི་ཕྱི་ཟླ་༦ པའི་ནང་ཁོང་ལ་ཁྲིམས་ཐག་བཅད་འདུག དུས་ཡུན་མི་ལོ་༡ ལྷག་ལ་བཀག་ཉར་བྱས་ཪིང་ཁོང་ལ་ཁྲིམས་ཀྱི་འགྲོ་ལུགས་གཞིར་བྱས་ཀྱི་ཁྲིམས་རྩོད་པ་གླ་བཅུག་མེད་ཁར་དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་སྤྲད་མེད་པ་རེད།
ཁ་སང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གནས་ཚུལ་བཏོན་པ་ལྟར། འབྲི་རུ་རྫོང་གི་དངོས་ཡོད་གནས་སྟངས་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་པ་ནི། བྱིས་པ་གསུམ་གྱི་ཨ་མ་ལྷ་མོ་རྐྱེན་འདས་སུ་གྱུར་བ་དང་མོའི་སྤུན་མཆེད་བསྟན་འཛིན་ཐར་བ་གང་བྱུང་བཀག་བསྐྱིལ་བགྱིས་པའི་གནས་སྟངས་ལས་གསལ་ཡོད། རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ནས། རྒྱ་གཞུང་གིས་བོད་ས་ཡོངས་སུ་ཚབས་ཆེའི་ཉེན་སྲུང་དང་གཞི་རྩའི་རང་དབང་ལ་དམ་དྲག་ཤུགས་ཆེར་བཏང་རྐྱེན། ལྷ་མོ་དང་ཐར་བ་གཉིས་ཀྱི་གནད་དོན་གཅིག་མཚུངས་ཀྱི་དངོས་ཡོད་གནས་སྟངས་མང་པོ་ཞིག་བོད་ཕྱི་ལོགས་ཀྱི་བོད་མི་ཚོས་ཤེས་རྟོགས་བྱེད་ཐབས་མེད་པ་བརྗོད་ཡོད།
ལྷ་མོ་དང་གྲགས་པ། ཐར་བ་སོགས་གང་བྱུང་བཀག་བསྐྱིལ་གྱིས་མནར་གཅོད་བཏང་ནས་དམར་གསོད་བྱས་དང་བྱེད་བཞིན་པ་དེ་ནི་རྒྱ་གཞུང་གིས་འབྲི་རུ་རྫོང་གི་བོད་མི་ཚོར་གཞི་རྒྱ་ཆེ་ས་ནས་འཆར་གཞི་དང་དམིགས་ཡུལ་ལྡན་པའི་ཐོག་ནས་ཡུལ་མིའི་ཚེ་སྲོག་ལ་རྒོལ་བའི་ནག་ཉེས་ཚབས་ཆེན་བཟོས་པའི་ཆ་ཤས་ཤིག་ཆགས་ཡོད། བཙན་བྱོལ་བོད་མིས་གནས་སྟངས་དེའི་ཐད་ལ་རྒྱུས་ལོན་ར་སྤྲོད་ལས་བསྟན་དོན། རྒྱ་གཞུང་གི་ལག་བསྟར་སྲིད་ཇུས་དག་གི་ཁྲོད་དུ་བསམ་གཟས་ནས་འབྲི་རུ་རྫོང་གི་བོད་མི་སྟོང་ཕྲག་མང་པོའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བ་གསལ་ཡོད། དངོས་ཡོད་གནས་སྟངས་ལ་རྒྱུན་ལོན་ར་སྤྲོད་གནང་མཁན་གྱི་ཚོད་དཔག་ལྟར་ན། འདས་པའི་ལོ་ངོ་འདི་དག་རིང་རྒྱལ་ས་ལྷ་སའི་ཉེ་འགྲམ་གྱི་ཆུ་ཤུར་བཙོན་ཁང་དུ་འབྲི་རུ་རྫོང་གཅིག་པུའི་བོད་མི་༦༠༠ ལྷག་འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག
ཕྱི་ལོ་༢༠༡༣ ལོ་ནས་བཟུང་འབྲི་རུ་རྫོང་སྲིད་གཞུང་གི་དབང་འཛིན་དཔོན་རིགས་ཚོས་དྲག་གནོན་གྱི་སྒྲིག་སྲོལ་དང་བཀོད་ཁྱབ་བཏང་བ་ཡིས། སྤྱི་མང་ལ་འཚེ་བའི་བསམ་སྦྱོར་སྤེལ་བ་དེ་ནི་འཕྲལ་གྱི་དོན་རྐྱེན་ཙམ་མ་ཡིན་པར་འཆར་ཅན་གྱི་ཐོག་ནས་ཁྱབ་ཆེའི་ཡུལ་དང་ཡུལ་མི་གཉིས་དམིགས་འབེན་བཟུང་འདུག་པ་དང་། དེའི་ནང་དུ་ཉེ་འཁྲིས་ཀྱི་སོག་རྫོང་ཡང་ཚུད་པ་གསལ་ཡོད། ཕྱི་ལོ་༢༠༡༣ ཟླ་༡༡ པའི་ཚེས་༦ ཉིན་བོད་རང་སྐྱོང་ལྗོངས་ཀྱི་དྲག་ཆས་དམག་མི་དང་མཐོ་རིམ་དཔོན་རིགས་མང་པོ་སྐོང་ཚོགས་གྱིས། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཝུའུ་ཡང་ཅེ་ཟེར་བས། འབྲི་རུ་རྫོང་གི་བརྟན་ལྷིང་རྒྱུན་འཁྱོངས་ཡོང་ཐབས་སུ་མུ་མཐུད་ནས་ལྟ་རྟོག་མྱུལ་ཞིབ་དང་སྟངས་འཛིན་དོམ་དམ་ཤུགས་ཆེར་གཏོང་དགོས་ལུགས་བཤད་ཡོད།
འདས་པའི་ལོ་ངོ་བདུན་རིང་བཙན་བྱོལ་བོད་མིས་འབྲི་རུ་རྫོང་གི་དངོས་ཡོད་གནས་སྟངས་ལ་རྒྱུན་ལོན་བྱས་པའི་གནས་ཚུལ་ཁག་གི་ནང་དུ། རྒྱ་གཞུང་གིས་བོད་མི་ཚོ་བཀག་བསྐྱིལ་གྱིས་མནར་གཅོད་བཏང་ནས་དམར་གསོད་བྱས་དང་བྱེད་བཞིན་པ་དེ་ནི། རྒྱ་གཞུང་རང་གི་དབང་སྒྱུར་གྱི་ཆབ་སྲིད་ལྟ་སྤྱོད་དང་མི་མཐུན་མཁན་ཚང་མར་དྲག་གནོན་བྱེད་ཐབས་ཀྱི་སྲིད་ཇུས་ཤིག་ཡིན་པ་གསལ་ཡོད། འབྲི་རུ་རྫོང་དམར་ཤོག་དྲུང་ཆེས་བཀོད་ཁྱབ་བཏང་བ་ལྟར། ཕྱི་ལོ་༢༠༡༤ ཟླ་༡༡ པའི་ནང་གཡང་ཤོག་ཡུལ་ཚོའི་༼རྒྱ་ཤོད་སེན་ཚ་ཡུལ་ཚོ།༽དབུ་གཞུང་གྲོང་སྡེའི་འགོ་ཁྲིད་འབའ་ཆེན་རྒྱལ་བ་༼ངག་དབང་སྨོན་ལམ་ཡང་ཟེར།༽འཛིན་བཟུང་དང་གཞན་བོད་མི་ཁག་ཅིག་དམར་གསོད་བཏང་བ་དང་། ཕྱི་ལོ་༢༠༡༣ ཟླ་༡༢ བའི་ནང་རྒན་ངག་དབང་འཇའ་དཔལ་བཀག་ཉེར་གྱིས་མནར་གཅོད་བཏང་ནས་ཟླ་གཅིག་མ་ཟིན་ཙམ་གྱི་རྗེས་སུ་དམར་གསོད་བཏང་བ་རེད། དེ་བཞིན་དུ་ཕྱི་ལོ་༢༠༡༤ ཟླ་༡ བའི་ནང་འབྲི་རུ་ཞང་ལྕམ་རམ་གྲོང་གི་ན་གཞོན་དཀོན་མཆོག་གྲགས་པ་ཞུ་བ་ཞིག་དུས་ཡུན་བདུན་ཕྲག་ཁ་ཤས་རིང་འཛིན་བཟུང་གིས་ཡུལ་མི་ཚོར་བརྡ་ལན་ཙམ་ཡང་མ་སྤྲད་པར་ཉེན་རྟོག་ཁང་དུ་བཀག་ཉར་གྱིས་མནར་གཅོད་བཏང་ནས་དམར་གསོད་བྱས་པ་དང་། ཕྱི་ལོ་༢༠༡༦ གི་ལོ་སྟོད་ཙམ་ནང་དམུ་ཁྱིམ་གྲོང་ཚོ་ནས་ཡིན་པའི་ཁྲི་རྒྱལ་ལ་མི་ལོ་༡༣ གྱི་དུས་དཀག་བཙོན་འཇུག་གི་ཁྲིམས་ཆད་བཅད་ནས་ལོ་༢ ཀྱི་རྗེས་སུ་འདས་གྲོངས་ཕྱིན་པ་རེད། ཉེས་མེད་མི་སྒེར་ལ་ཐེབས་པའི་འཚེ་བའི་བསམ་སྦྱོར་འདི་དག་ནི་སྔར་བྱུང་མ་མྱོང་བ་ཞིག་གཏན་ནས་མ་ཡིན་པར། གནས་སྟངས་འདིས་བོད་ས་ཡོངས་ཀྱི་ཆབ་སྲིད་བཙོན་པ་ཚོར་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པའི་རྒྱ་གཞུང་གི་བསམ་སྦྱོར་དངོས་གསལ་འགྲེལ་བྱས་ཡོད། བོད་མི་འདི་དག་གིས་བོད་ནང་ལོགས་ཀྱི་དངོས་ཡོད་གནས་སྟངས་ཐད་ཀྱི་རྒྱ་གཞུང་གི་འཁྱོག་བཤད་དྲིལ་བསྒྲགས་ཐེར་འདོན་དང་འགྲོ་བ་མིའི་ཐོབ་ཐང་དགོས་པའི་ཞི་འབོད་གནང་ཡོད་ཅིང་། རྒྱ་གཞུང་གིས་ཁོང་ཚོར་ནག་མེད་བསྙོན་འཛུགས་ཀྱི་མནར་གཅོད་བཏང་བ་དེ་ནི། རྒྱ་གཞུང་གིས་བོད་ས་ཡོངས་སུ་དམ་དྲག་སྟངས་འཛིན་བྱེད་ཐབས་སུ། རྒྱ་གཞུང་རང་གི་ཆབ་སྲིད་ལྟ་སྤྱོད་དང་མི་མཐུན་མཁན་ཚང་མ་ཚར་གཅོད་གཏོང་ཐབས་ཀྱི་ལས་འགུལ་གྱི་ཆ་ཤས་ཤིག་རེད།
བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་དྲུག་ཐུན་མོང་ནས། འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་དང་མཉམ་འབྲེལ་རྒྱལ་ཚོགས། མང་གཙོའི་རྒྱལ་ཁབ་ཁག གཞན་ཡང་སྤྱི་ཚོགས་ཁྲོད་ཀྱི་ལས་འགུལ་བ་སོགས་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་གཤམ་གསལ།
༡ ལྷུན་འགྲུབ་གྲགས་པ་དང་བསྟན་འཛིན་ཐར་པ་གཉིས་ཀྱིས་མཚོན་པའི་ཁྲིམས་འགལ་གྱི་ཐོག་ནས་གང་བྱུང་འཛིན་བཟུང་དང་བཀག་ཉར་བྱས་པའི་བོད་མི་རྣམས་མྱུར་དུ་གློད་གྲོལ་གཏོང་དགོས།
༢ ལྷོ་མོའི་འདས་རྐྱེན་དང་འབྲི་རུ་རྫོང་གི་ཡུལ་མིའི་ཐོབ་ཐང་རྡོག་རོལ་བཏང་ནས་མིའི་ཚེ་སྲོག་ལ་རྒོལ་བའི་ནག་ཉེས་ཚབས་ཆེན་བཟོས་པའི་གནད་དོན་ཐད་ལ་རང་དབང་གི་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་གནང་འཇུག་དགོས།
༣ རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཆེ་མཐོའི་ལས་འཛིན་ལྷན་ཚོགས་དང་དམགས་བསལ་སྙན་སྒྲོན་པའི་རེ་སྐུལ་གཞིར་བཟུང་བོད་ས་ཡོངས་སུ་རྟོགས་ཞིབ་གནང་བར་སྟངས་འཛིན་སུན་གཙེར་མེད་པར་དགོས་ངེས་ཀྱི་མཐུན་རྐྱེན་ཆ་ཚང་སྤྲོད་དགོས།
༤ རྒྱ་གཞུང་གིས་བོད་མི་ཚོ་གང་བྱུང་འཛིན་བཟུང་དང་མནར་གཅོད། དམར་གསོད་གཏོང་ཐབས་ཀྱི་ལག་བསྟར་ཁྲིམས་སྒྲིག་དང་སྲིད་ཇུས་ཁག་ཚང་མ་མེད་པར་བཟོ་དགོས།
༥ རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་འཁེལ་ཆིངས་ཡིག་ཁག་ཅིག་ལ་མིང་རྟོགས་འཁོད་ཅིང་ལག་བསྟར་མཆོག་མཆན་སྤྲད་པ་གཞིར་བྱས་འགྲོ་བ་མིའི་ཐོབ་ཐང་མངོན་འགྱུར་དང་ཡར་རྒྱས། སྲུང་སྐྱོང་བཅས་ཡོང་ཐབས་ཆིངས་ཡིག་ཁག་གནང་གསལ་གྱི་གཡོལ་མེད་འགན་འཁྲི་ཁག་ལ་བརྩི་འཇོག་ལག་བསྟར་བྱེད་དགོས།

Select Language