17/01/2021

འབྲི་རུ་རྫོང་ཁོངས་སུ་གྲྭ་བཙུན་ཕྱིར་ཕུད་དང་བོད་མིའི་ས་ཁང་བཙན་འཕྲོག

  •   
  •  
  •  
  •  
  •  
  •  
  •  
ཡ་ང་བྱ་མདའ་དགའ་ལྡན་མཁའ་སྤྱོད་གླིང་བཙུན་དགོན།
ཡ་ང་བྱ་མདའ་དགའ་ལྡན་མཁའ་སྤྱོད་གླིང་བཙུན་དགོན།

རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་སུ་འབོད་པའི་ཁོངས་གཏོགས་སུ། འབྲི་རུ་རྫོང་ནི་དམིགས་བསལ་དམ་དྲག་བྱེད་བཞིན་པའི་ས་ཁུལ་ཞིག་ཆགས་ཡོད་སྟབས། དེ་གར་བྱུང་བཞིན་པའི་གནས་ཚུལ་མང་པོ་ཞིག་དུས་ཐོག་ཕྱི་ཕྱོགས་སུ་འབྱོར་ཐུབ་ཀྱི་མེད་པ་རེད། ཉེ་ཆར་ཤེས་རྟོགས་བྱུང་བ་ལྟར་ན་ས་གནས་དེ་གར་དགོན་པའི་ནང་བཙན་མ་ཕྱིར་འབུད་དང་། མང་ཚོགས་ཀྱི་ཁང་ཁྱིམ་དང་ས་ཞིང་བཙན་འཕྲོག་སོགས་ས་གནས་མང་ཚོགས་ལ་གཉའ་གནོན་གྱི་སྲིད་ཇུས་སྣ་ཚོགས་ཤིག་སྤེལ་བཞིན་ཡོད་འདུག

འདས་པའི་ལོ་འགའི་ནང་རྒྱ་གཞུང་གིས་འབྲི་རུ་རྫོང་ཁོངས་ཀྱི་དགོན་སྡེ་ཁག་མང་པོ་ཞིག་ནང་གྲྭ་བཙུན་རྣམས་ཕྱིར་འབུད་དང་། བོད་ཀྱི་ས་ཁུལ་གཞན་ནང་ཆོས་སློབ་གཉེར་ཆེད་བསྐྱོད་མཁན་གྲྭ་བཙུན་ཚོར་ཉེས་ཆད་དང་། བསམ་བཞིན་ཁོང་ཚོའི་ནང་མིའི་འཚོ་གནས་ལ་དཀའ་ངལ་བཟོ་བཞིན་ཡོད་པ་ལྟར། ཉེ་ཆར་འདི་ག་ལྟེ་གནས་ཁང་ལ་བསྐྱར་དུ་དེའི་སྐོར་གྱི་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༧ ཉིན་ (བོད་ཟླ་ ༨ ཚེས་ ༡༤ ཉིན) ནས་མགོ་བཙུགས་ཏེ་ཉིན་གསུམ་རིང་། འབྲི་རུ་རྫོང་དཔོན་སངས་རྒྱས་བཀྲ་ཤིས་ཟེར་བ་དེ་རྒྱ་ཤོད་བན་དཀར་ཤང་གི་ཁོངས་སུ་ཡོད་པའི་བྱ་མདའ་དགའ་ལྡན་མཁའ་སྤྱོད་གླིང་བཙུན་དགོན་དུ་སླེབས་ནས། དགོན་པ་དེ་གར་བཙུན་མ་ ༢༠༠ ཙམ་ཡོད་པའི་གྲས་ནས། བཙུན་མ་ ༡༠༠ སླར་ཡང་ཕྱིར་ཕུད་བཏང་ཡོད་པ་དང་། དེར་མ་ཟད། ད་ལྟའི་ཆར་ཤུལ་དུ་བཙུན་མ་བརྒྱ་ཙམ་ཡོད་པའི་གྲས་ནས་ཀྱང་། རྒྱ་གཞུང་གི་ཆོག་མཆད་སྤྲད་དེ་སྒྲིག་མཐུན་སྒོ་ནས་དགོན་པར་ཚོགས་ཞུགས་ཆོག་པའི་བཙུན་མའི་ཞལ་གྲངས་ ༤༩ ལ་ཚད་བཀག་བཟོས་ནས། དེ་འཕྲོས་ཀྱི་བཙུན་མ་ ༥༡ རྣམས་ཚོགས་ཞུགས་ཀྱིས་ཆོས་སློབ་གཉེར་གྱི་ཐོབ་ཐང་མེད་པར་དགོན་པའི་འཛིན་སྐྱོང་ཁྱབ་ཁོངས་ཀྱི་ཚོང་ཁང་དང་མགྲོན་ཁང་སོགས་སུ་ངལ་རྩོལ་གྱི་ལས་ཀ་བྱེད་འཇུག་གིན་ཡོད་པ་རེད། ད་དུང་། རྒྱ་གཞུང་གི་ཆོག་མཆན་གཞིར་བཟུང་དགོན་པའི་ཚོགས་ཞུགས་ཁོང་སུ་ཡོད་པའི་བཙུན་མ་རྣམས་ཀྱང་། རང་ལོ་ལྔ་བཅུ་ལ་སོན་རྗེས་མུ་མཐུད་དགོན་པ་ནས་བཞུགས་མི་ཆོག་པར། ཐད་ཀར་རྒས་གསོ་ཁང་དུ་བསྐྱོད་དགོས་པའི་སྒྲིག་གཞི་བཟོ་ཡོད་འདུག

དེ་བཞིན། དགོན་པ་ནས་ཕྱིར་ཕུད་ཟིན་པའི་བཙུན་མ་ ༡༠༠ ཡོད་པ་དེ་དག་གིས། སོ་སོའི་རང་ཁྱིམ་དུའང་རབ་བྱུང་ཆོས་གོས་མནབ་མི་ཆོག་པ་དང་། གལ་སྲིད་ཆོས་གོས་མནབ་པ་ཡིན་ན་ཁྲིམས་འགལ་ཏུ་ངོས་འཛིན་བྱེད་ཀྱི་ཡོད་འདུག བཙུན་མ་དེ་དག་ས་ཆ་གཞན་དུ་སློབ་གཉེར་ཆེད་འགྲོ་བསྐྱོད་ཆོག་གི་མེད་པ་དང་། གལ་སྲིད་སོང་བ་ཡིན་ན་སོ་སོའི་ཁྱིམ་མི་དང་གྲོང་ཚོའི་མགོ་པ་བཅས་འཇུ་བཟུང་བཙོན་འཇུག་བྱ་རྒྱུ་དང་། ལོ་གསུམ་རིང་དུ་ནང་མི་རྣམས་ལ་དབྱར་རྩྭ་དགུན་འབུ་བརྐོ་འཐུ་བྱེད་འཇུག་གི་མིན་པའི་བཙན་བཀའ་བསྒྲགས་ཡོད་འདུག རྒྱ་གཞུང་གིས་ལོ་སྔོན་མར་ཡང་དགོན་པ་འདིར་བཙུན་མ་ ༢༦ ཕྱིར་ཕུད་བཏང་ཡོད་འདུག

གཞན་ཡང་། འབྲི་རུ་རྫོང་རྒྱ་ཤོད་བན་དཀར་ཤང་ཁོངས་སུ་ཡོད་པའི་རྡོ་རྟིང་དགོན་ངོ་མཚར་ཕུན་ཚོགས་གླིང་ཞེས་པའི་བོན་དགོན་རྙིང་གྲས་ཞིག་ཡོད་པ་དེར། ལོ་ཤས་གོང་ནས་མཚན་ཉིད་སློབ་གཉེར་བཙུགས་ཐོག མཚན་ཉིད་དགེ་རྒན་ཁྱུང་པོ་སོགས་ས་ཕྱོགས་གཞན་ནས་གདན་ཞུས་ཀྱིས། ད་བར་སློབ་གཉེར་བ་མང་པོར་ཆོས་སློབ་གཉེར་གྱི་ཕན་ཡོན་སྦྱར་ཐུབ་པ་བྱུང་མ་ཟད། ཡུལ་ལུང་དེར་ཤེས་རིག་ཐད་ཡར་རྒྱས་ཀྱི་རྣམ་པ་ཆེས་ཆེར་མངོན་ཐུབ་པ་བྱུང་ཡོད་ལ། དགོན་པར་མཚན་ཉིད་སློབ་གཉེར་བ་ཞལ་གྲངས་ ༦༠ ཙམ་གྱིས་བོད་ཀྱི་ཚན་མ་རིག་པར་སྦྱང་བརྩོན་བྱེད་བཞིན་ཡོད་པ་རེད། ཡིན་ནའང་། ད་སྐབས་རྫོང་དང་ཤང་གི་དཔོན་རིགས་ཚོས་བཙན་པོ་དབང་ཡོད་ཀྱི་སྒོ་ནས་དགོན་པ་དེར་མཚན་ཉིད་སློབ་གཉེར་གཏན་ནས་མེད་པ་བཟོས་ཡོད་སྟབས། ས་གནས་ཀྱི་གྲྭ་བཙུན་དང་ཡུལ་མི་རྣམས་ཧ་ཅང་བློ་ཕམ་པོ་བྱུང་ཡོད་འདུག

དེ་མིན། བན་དཀར་ཤང་ཁོངས་སུ་ཡོད་པའི་བན་དཀར་དགོན་པའི་དགེ་སློང་སྙན་གྲགས་ལགས་ཀྱིས། ཕྱི་ལོ་ ༢༠༠༠ གྱི་མགོ་སྟོད་ཙམ་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་ཡུལ་ལུང་དེའི་གཞོན་སྐྱེས་ཚོའི་ཤེས་ཡོན་སློབ་སྦྱོང་ལ་དམིགས་ཏེ། ས་གནས་སུ་བོད་ཀྱི་གསོ་བ་རིག་པའི་སློབ་གྲྭ་ཞིག་ཆེད་བཙུགས་གནང་ནས། སློབ་མ་བརྒྱ་སྐོར་ཞིག་ལ་བོད་ཀྱི་གསོ་བ་རིག་པ་གཙོ་བྱས་སུམ་རྟགས་དག་གསུམ་སོགས་ཀྱི་སློབ་སྦྱོང་སྤྲད་དེ། བོད་ཀྱི་སྐད་ཡིག་རིག་གནས་རྒྱུན་འཛིན་དར་སྤེལ་གྱི་ཕྱག་ལས་གནང་ཡོད་ཀྱང་། ཕྱི་ལོ་ ༢༠༠༧ ལོར་དགེ་སློང་སྙན་གྲགས་ལགས་ཀྱི་སྒེར་བཙུགས་བོད་ཀྱི་གསོ་རིག་སློབ་གྲྭ་དེ་རྒྱ་གཞུང་གིས་གཏན་དུ་སྒོ་རྒྱག་བཅུག་སྟབས། སློབ་གྲྭ་དེ་གའི་དགེ་སློབ་ཚང་མ་ཅི་བྱ་གཏོལ་མེད་གནས་སུ་གྱུར་བའི་ཡིད་སྐྱོ་གནས་ཚུལ་བྱུང་ཡོད་འདུག

རྒྱ་གཞུང་གིས་གཏོར་བཤིག་གཏོང་བཞིན་པའི་བོད་མིའི་ཁང་ཁྱིམ་དང་སྒོ་ར་དག
རྒྱ་གཞུང་གིས་གཏོར་བཤིག་གཏོང་བཞིན་པའི་བོད་མིའི་ཁང་ཁྱིམ་དང་སྒོ་ར་དག

རྒྱ་གཞུང་གིས་ཉེ་བའི་ལོ་འགའ་ནང་བོད་ཀྱི་དགོན་སྡེ་ཁག་ནང་དྲག་གནོན་བཀག་སྡོམ་གྱི་སྲིད་ཇུས་འདྲ་མིན་སྣ་ཚོགས་སྤེལ་ཏེ། དགོན་པ་སོ་སོའི་ནང་གྲྭ་བཙུན་གྱི་གྲངས་ཚད་གཏན་འབེབས་ཐོག གྲྭ་བཙུན་གྱི་མང་པོ་བཙན་དབང་སྒོས་དགོན་པ་ནས་ཕྱིར་ཕུད་ཀྱིས་གྲྭ་བཙུན་གྱི་ཞལ་གྲངས་ཉུང་དུ་བཏང་སྟེ། གྲྭ་བཙུན་རྣམས་ཆོས་སྒོར་འཛུལ་ཞུགས་དང་ཆོས་སློབ་གཉེར་གྱི་རང་དབང་བཙན་འཕྲོག་བྱེད་པ་མ་ཟད། ཐ་ན། གྲྭ་བཙུན་རྣམས་ཆོས་སློབ་གཉེར་ཆེད་བོད་ཀྱི་ས་ཁུལ་གཞན་ནང་འགྲོ་བསྐྱོད་ཀྱི་རང་དབང་ཙམ་ཡང་སྤྲོད་ཀྱིན་མེད་པ་རེད། རྒྱ་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ལ་དམིགས་བསལ་བཀག་སྡོམ་བྱེད་བཞིན་པའི་དམིགས་ཡུལ་ནི། བོད་ཀྱི་ཆོས་ལུགས་དང་རིག་གནས། བོད་མི་རིགས་ཀྱི་ལྟ་སྤྱོད། བོད་མིའི་དད་མོས་དང་བསམ་བློའི་གཅིག་གྱུར་བཅས་ཀྱི་གཞི་རྟེན་ས་གཙོ་བོ་དགོན་སྡེ་ཁག་ཆགས་ཡོད་སྟབས། རྒྱ་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་དང་བོད་མིའི་བསམ་བློའི་གཅིག་གྱུར་གཏོར་བཤིག་གཏོང་ཐབས་སུ་དགོན་སྡེ་ཁག་ལ་དམིགས་བསལ་གྱི་བཀག་སྡོམ་དྲག་གནོན་བྱེད་བཞིན་ཡོད་པ་རེད།

ས་གནས་རྒྱ་གཞུང་དཔོན་རིགས་ཚོའི་བྱ་སྤྱོད་དེ་རིགས་ནི། རྒྱ་གཞུང་གིས་ངོས་འཛིན་ས་རྟགས་བཀོད་ཡོད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་། དེ་བཞིན། རྒྱ་གཞུང་རང་ཉིད་ཀྱི་བཅའ་ཁྲིམས་ནང་བཀོད་པའི་ཆོས་ལུགས་དད་མོས་རང་དབང་དང་། མི་རིགས་རང་སྐྱོང་བཅའ་ཁྲིམས་ནང་མི་རིགས་སོ་སོའི་སྐད་ཡིག་རིག་གནས་རྒྱུན་འཛིན་དར་སྤེལ་སོགས་ཀྱི་ཐོབ་ཐང་ཡོད་སྐོར་བཀོད་པའི་ཁྲིམས་ཐོག་གི་ཁས་ལེན་དམ་བཅའ་རྣམས་བརྡལ་བཤིག་བཏང་བ་ཞིག་ཀྱང་ཆགས་ཡོད།

དེ་མིན་གནས་ཚུལ་གཞན་ཞིག་ལ། དེང་སྐབས་འབྲི་རུ་རྒྱ་ཤོད་སེན་ཚ་ཤང་ངམ་གཡང་ཤོད་ཤང་དུ། བོད་མི་ཁྱིམ་ཚང་སོ་སོར་མི་རབས་རིམ་བརྒྱུད་ནས་བདག་ཡོད་པའི་ས་ཞིང་དང་བོད་ལུགས་ཁང་པ་དང་སྒོ་ར་སོགས། བཙན་དབང་གི་སྒོ་ནས་བཙན་འཕྲོག་དང་གཏོར་བཤིག་གཏོང་གི་ཡོད་པ་དང་། དེ་བཞིན། ཁང་པ་རྒྱ་ཆེན་པོ་ཡོད་མཁན་ཁྱིམ་ཚང་དག་ལ་རང་སྣང་གང་ཤར་གྱིས་སྐྱོན་བརྗོད་དང་འབྲེལ་ཁང་པ་གཏོར་ཏེ། བསྐྱར་དུ་ཁང་པའི་ཚད་གཞི་གཏན་འབེབས་ཀྱིས་ཁང་པ་རྒྱག་དགོས་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། ཁང་པ་གཏོར་བཤིག་བྱས་པའི་གླ་དངུལ་ཡང་མི་ཚང་སོ་སོས་སྤྲོད་དགོས་སྐོར་བཤད་ཡོད་འདུག

ས་གནས་བོད་རིགས་མང་ཚོགས་ཀྱིས་ངོས་ནས། སྲིད་ཇུས་དེའི་དམིགས་ཡུལ་ནི་ས་གནས་བོད་མི་རྣམས་ཀྱི་ཁང་ཁྱིམ་དང་སྒོ་ར་སོགས་བཙན་གྱིས་གཏོར་བཤིག་བཏང་རྗེས། ད་ལྟའི་ཆར་བོད་ཀྱི་རྣམ་པ་ལྡན་པའི་སེན་ཤ་གྲོང་རྡལ་དེ་ཉིད་རྒྱ་བསྐྱེད་བཏང་སྟེ། རྒྱ་མི་མང་པོ་གནས་སྤོར་གྱིས་མ་འོངས་པར་རྒྱ་རིགས་ཤུགས་ཆེ་བའི་གྲོང་རྡལ་དུ་བསྒྱུར་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག

རྒྱ་གཞུང་གིས་གཡང་ཤོད་ཤང་གི་ཁོངས་གཏོགས་སྡེ་བ་ཚོར་བཙན་གྱིས་རྟ་རྒྱུགས་དུས་ཆེན་གཟབ་རྒྱས་བྱེད་འཇུག་བཞིན་པ།
རྒྱ་གཞུང་གིས་གཡང་ཤོད་ཤང་གི་ཁོངས་གཏོགས་སྡེ་བ་ཚོར་བཙན་གྱིས་རྟ་རྒྱུགས་དུས་ཆེན་གཟབ་རྒྱས་བྱེད་འཇུག་བཞིན་པ།

དེར་མ་ཟད། འདི་ལོ་ཕྱི་ཟླ་ ༨ པའི་ནང་ས་གནས་རྒྱ་གཞུང་གིས་སེན་ཚ་ཤང་གི་ཁོངས་གཏོགས་གྲོང་སྡེ་ཚང་མ་སྔར་ལས་ལྷག་པའི་རྟ་རྒྱུགས་དུས་ཆེན་ལ་མཉམ་ཞུགས་དགོས་པ་དང་། དུས་ཆེན་སྐབས་ངེས་པར་དུ་སྟག་ལྤགས་དང་གཟིག་ལྤགས་གྱི་རྒྱན་གོས་སྤྲོས་དགོས་པའི་བཙན་བཀའ་བཏང་ཡོད་འདུག་ཀྱང་། ས་གནས་བོད་མི་ཚོས་པགས་ཀྱི་རྒྱན་གོས་མ་གྱོན་པར་བརྟེན། རྟ་རྒྱུགས་སྐབས་སྟག་ལྤགས་དང་གཟིག་ལྤགས་ཀྱི་རྒྱན་གོས་བཙན་གྱིས་མང་ཚོགས་ལ་འགྲེམས་སྟོན་བྱེད་བཅུག་ཡོད་འདུག

གོང་གསལ་འབྲི་རུ་རྫོང་ཁོངས་ཀྱི་རྒྱ་ཤོད་སེན་ཚ་ཤང་ངམ་གཡང་ཤོད་ཤང་དང་། བན་དཀར་ཤང་གཉིས་ནང་ས་གནས་བོད་མི་མང་ཚོགས་ཀྱི་འཚོ་བར་གནོད་སྐྱོན་གཏོང་བའི་སྲིད་ཇུས་དེ་དག་ལག་བསྟར་བྱེད་མཁན་གྲས་ཀྱི་མི་སྣ་གཙོ་བོ་ཞིག་ནི། ཕ་ཡུལ་ཆབ་མདོ་ནས་ཡིན་པའི་བོད་རིགས་མགོ་ཁྲིད་བོད་མིང་ལ་སངས་རྒྱས་བཀྲ་ཤིས་དང་རྒྱ་མིང་ལ་ཀྲང་ཀཱང་ཟེར་བ་དེ་ཆགས་ཡོད་སྟབས། ས་གནས་བོད་རིགས་མང་ཚོགས་རྣམས་ཨ་ཆད་ཨུ་ཐུག་གི་གནས་སུ་ལྷུང་སྟེ། ཁོའི་མིང་ལ་བསྟན་དགྲ་ཀྲང་ཀཱང་ཧྲུའུ་ཞེས་འབོད་ཀྱིན་ཡོད་འདུག

རྒྱ་གཞུང་གིས་བོད་དུ་ལག་བསྟར་བྱེད་བཞིན་པའི་མི་སྤེལ་བའི་སྲིད་ཇུས་ཀྱི་ཐབས་ལམ་གཞན་ཞིག་ནི། གོང་གསལ་འབྲི་རུ་རྫོང་ཁོངས་སུ་ས་གནས་བོད་རིགས་མང་ཚོགས་ལ་འཕྲད་ཀྱིན་གནས་ཚུལ་དག་སྟེ། བོད་ཀྱི་ས་ཁུལ་སོ་སོར་གྲོང་ཁྱེར་དང་གྲོང་རྡལ་མང་པོ་གསར་རྒྱག་བྱས་ཐོག བོད་རིགས་ཞིང་འབྲོག་མང་ཚོགས་ཚོའི་མི་རབས་རིམ་བརྒྱུད་ལ་འཚོ་བ་རོལ་སའི་འབྲོག་པའི་རྩྭ་ཐང་དང་ས་ཞིང་བཙན་འཕྲོག་བྱས་ནས། འཚོ་བའི་གནས་སྟངས་ལ་ཆ་རྒྱུས་མེད་པའི་དེང་རབས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཁག་ནང་བཙན་གྱིས་གནས་སྤོར་བྱེད་འཇུག་གིན་ཡོད། དེའི་ཐོག་ལ་གྲོང་ཁྱེར་དང་གྲོང་རྡལ་གསར་བ་དེ་དག་ནང་འཆར་གཞི་ལྡན་པའི་སྒོ་ནས་རྒྱ་རིགས་མང་པོ་གནས་སྤོར་བྱེད་བཅུག་སྟེ། མཐའ་མར་བོད་མི་རྣམས་རྒྱ་རིགས་དང་མཉམ་བསྲེས་ཀྱིས་རྒྱ་འགྱུར་བྱེད་ཐབས་སྣ་ཚོགས་སྤྱོད་ཀྱིན་ཡོད། ཐ་ན། རྒྱ་རིགས་དང་མཉམ་དུ་གཉེན་སྒྲིག་མཁན་བོད་མི་རྣམས་ལ་ཆབ་སྲིད་དང་དཔལ་འབྱོར། བྱིས་པ་སློབ་འཇུག ལས་ཞུགས་སོགས་ཕྱོགས་གང་ཐད་ནས་དམིགས་བསལ་གྱི་ཁེ་ཕན་སྤྲོད་བཞིན་ཡོད། རྒྱ་གཞུང་གི་སྲིད་ཇུས་དེ་དག་གི་མཐར་གཏུགས་དམིགས་ཡུལ་ནི། བོད་ནང་དུ་མི་སེར་སྤེལ་བའི་སྲིད་ཇུས་ལག་བསྟར་བྱས་ཏེ་བོད་མིའི་ངོ་བོ་རྩ་བརླག་ཏུ་གཏོང་རྒྱུ་དེ་རེད།