12/11/2019

འཕྲིན་ཕྲན་སྟེང་དཔེ་དེབ་བརྒྱུད་སྤེལ་བྱས་པའི་རྐྱེན་གྱིས་བོད་མི་ཞིག་བཙོན་འཇུག་བྱས་འདུག

  •   
  •  
  •  
  •  
  •  
  •  
  •  

འདི་ག་ལྟེ་གནས་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། བོད་མི་དབང་ཕྱུག་ཞུ་བ་ཞིག་བོད་རང་སྐྱོང་ལྗོངས་གཞིས་རྩེ་ཁུལ་དུ་གང་བྱུང་བཀག་ཉར་བྱས་ཡོད་འདུག

གནས་ཚུལ་ལྟར་ན། འདི་ལོའི་ཕྱི་ཟླ་༣ ཚེས་༨ ཡས་མས་ཤིག་ལ་རྒྱ་མིའི་ཉེན་རྟོག་པས་རང་ལོ་༤༥ ཡིན་པའི་བོད་མི་དབང་ཕྱུག་བཀག་ཉར་བྱས་ཡོད་པ་དང་། དེ་ཡང་ཁོང་ཚོང་གཉེར་གྱི་དོན་དུ་ལྷ་སར་ཕྱིན་ནས་ཕྱིར་ཡོང་སྐབས་གཞིས་རྩེ་གྲོང་ཁྱེར་དུ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད།

ད་ཆར་ཁོང་གར་ཡོད་ཅི་བྱས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་མེད་ནའང་། ནང་མིས་ཚོས་ཁོང་གཞིས་རྩེའི་ཉ་རི་བཙོན་ཁང་དུ་དུས་བཀག་བཙོན་འཇུག་བྱས་ཡོད་པར་ཡིད་ཆེས་གནང་གི་འདུག

གནས་ཚུལ་འགྲེལ་བརྗོད་པས་འདི་ག་ལྟེ་གནས་ཁང་ལ། དབང་ཕྱུག་གིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་བཅས་དཔེ་དེབ་ཁ་ཤས་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་འཕྲིན་ཕྲན་སྟེང་བརྒྱུད་སྤེལ་གནང་བའི་རྐྱེན་གྱིས། རྒྱ་གཞུང་གིས་ཁོང་བཙོན་འཇུག་བྱས་ཡོད་པ་དང་། དཔེ་དེབ་དེ་དག་གི་འབྲེལ་ཐག་བོད་ཕྱི་ཕྱོགས་ཀྱི་ཁོང་གི་གྲོགས་པོ་ཁག་ཅིག་གི་ས་ནས་བརྒྱུད་སྤེལ་བྱས་པ་ཞིག་ཡིན་པ་བརྗོད་ཡོད།

རྒྱ་གཞུང་ཕྱོགས་ནས་དབང་ཕྱུག་ལ་ཁྲིམས་ར་ཚོགས་ནས་བཙོན་འཇུག་བྱས་མིན་གྱི་གནས་ཚུལ་ཅི་ཡང་གསལ་བཤད་བྱས་མེད་པར་མ་ཟད། ཁོང་གི་ནང་མི་ཚོར་ཁོང་འཛིན་བཟུང་དང་བཙོན་འཇུག ཁོང་གི་ཉེས་པ་ཅི་ཡིན་སྐོར་གྱི་བརྡ་ལན་ཙམ་ཡང་བཏང་མེད་པ་རེད།

དབང་ཕྱུག་གང་བྱུང་བཀག་ཉར་བྱས་རྗེས། ཁོང་གི་ནང་མི་ཚོར་ཡང་ཁྲིམས་འགལ་གྱིས་དམ་དྲག་དང་ཉེས་ཆད་བཀལ་ཡོད་པ་དང་། དེ་ཡང་རྒྱ་ནག་ས་གནས་སྲིད་གཞུང་ནས་དབང་ཕྱུག་གི་ནང་མི་ཚོར་རོགས་སྐྱོར་རྣམ་གྲངས་དང་རྒན་གསོ་འགན་བཅོལ་བཅས་ཚུད་པའི་བདེ་དོན་རོགས་སྐྱོར་རིགས་ཕྱིར་འཐེན་བྱས་ཡོད་པར་མ་ཟད། རྒྱ་ནག་གྲོང་སྡེ་སྲིད་གཞུང་གི་ཆོག་འཐུས་མེད་པར་ཁོང་གི་ནང་མི་ཚོ་ཕྱིའི་རྫོང་ཁག་ནང་འགྲུལ་སྐྱོད་མི་ཆོག་པའི་དམ་དྲག་བྱས་ཡོད་པ་དང་། རྒྱ་ནག་ས་གནས་སྲིད་གཞུང་གིས་དོགས་ཟོན་མྱུལ་ཞིབ་ཤུགས་ཆེར་བཏང་སྟེ། ཁོང་གི་ནང་མི་ཚོའི་ཉིན་རེའི་འཚོ་ཐབས་ལ་དཀའ་ཁག་བཟོ་ཡི་འདུག 

དབང་ཕྱུག་གང་བྱུང་བཀག་ཉར་བྱས་པར་བརྟེན་ནས། དགུང་ལོ་མཐོ་བའི་ཨ་མ་ཚེ་དབང་ལ་ཁྲགས་ཤེད་དང་སྙིང་ཁམས་བདེ་ཐང་མིན་པའི་སྙུང་གཞི་ཕོག་ཡོད་པ་རེད།

དབང་ཕྱུག་གི་ཕ་ཡུལ་གཉའ་ལམ་རྫོང་ཟུར་མཚོ་ཤང་དཀར་ཆུང་གྲོང་ཚོ་ཡིན་པ་དང་། ཁོང་གི་ཕ་མིང་ལ་རྡོ་རྗེ་དང་མ་མིང་ལ་ཚེ་དབང་ཞུ་བ་དང་ཁྱིམ་ཚང་ཆེན་པོ་ཞིག་ཡིན་འདུག ཁོང་ལ་ཕུ་བོ་ཞིག་དང་ནུ་བོ་ཞིག་བཅས་ཡོད་པ་དང་། ཁོང་བུ་སྤུན་ཚོ་ཤུག་གཅིག་གཉེན་སྒྲིག་༼བུ་སྤུན་ཚོས་བཟའ་ཟླ་གཅིག་བསུ་བའི་གཉེན་སྲོལ།༽བྱས་ཡོད་པ་དང་། ཁོང་ཚོར་བུ་གསུམ་དང་བུ་མོ་གཉིས་བཅས་བྱིས་པ་༥ ཡོད་པ་རེད། དབང་ཕྱུག་གིས་ལྷ་ས་དང་མཐའ་མཚམས་འགྲམ་དུ་ཚོང་ལས་ཙག་ཙིག་གཉེར་གྱི་ཡོད་པ་དང་། ཁྱིམ་ཚང་གི་འཚོ་ཐབས་གཙོ་བོ་ཁོང་གི་ཚོང་ལས་ལ་བརྟེན་ཡོད་པས། རྒྱ་གཞུང་གིས་ཁོང་བཙོན་འཇུག་བྱས་པའི་རྐྱེན་གྱིས། ཁོང་གི་ཁྱིམ་ཚང་གི་འཚོ་ཐབས་དང་། ཐ་ན་བྱིས་པ་ཚོའི་སློབ་ཡོན་བཅས་ལ་དཀའ་ཁག་འཕྲད་ངེས་ཡིན་པས་ཧ་ཅང་བློ་འཚབ་སྐྱེ་གཞི་ཆགས་ཡོད།

འདི་ག་ལྟེ་གནས་ཁང་ནས། རྒྱ་གཞུང་གིས་དབང་ཕྱུག་གང་བྱུང་བཀག་ཉར་བྱས་པ་དང་ཁོང་གི་ནང་མི་ཚོར་སུན་གཙེར་གཏོང་བཞིན་པ་དེ་ཐད་ཀར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་སྤྱི་ཚོགས་བརྒྱུད་ལམ་ཁག་ལ་དམ་དྲག་ཤུགས་ཆེར་གཏོང་བཞིན་པར་འབྲེལ་ལ་དམ་ཟམ་ཡོད་པར་ངོས་འཛིན་དང་བློ་འཚབ་བྱེད་ཀྱི་ཡོད། གཟའ་འཁོར་སྔོན་མར་བོད་རང་སྐྱོང་ལྗོངས་སྲིད་གཞུང་ནས་རི་མོ་དང་འབྲེལ་བའི་གསལ་བསྒྲགས་སྤེལ་ཏེ། མང་ཚོགས་ནས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་རང་དབང་གི་སྒོ་ནས་སོ་སོའི་བསམ་བརྗོད་སྤེལ་མི་ཆོག་པའི་ཉེན་བརྡ་བཏང་ཡོད་པ་དང་། གསལ་བསྒྲགས་དེ་ནི། རྒྱ་གཞུང་གིས་ཉེ་བའི་ལོ་ངོ་འདི་རིང་བོད་ནང་དུ་རྒྱལ་ཁབ་ཀྱི་སྒྲིག་ཁྲིམས་སྣ་ཚོགས་གཏན་འབེབས་ལག་བསྟར་བྱས་དང་བྱེད་བཞིན་པའི་ཉེན་བརྡའི་བརྡ་ཁྱབ་ཁག་གཞིར་བཟུང་བ་ཞིག་ཡིན་པ་དང་། དེའི་ནང་དུ་རྒྱལ་ཁབ་ཀྱི་གཏན་འབེབས་སྒྲིག་ཁྲིམས་ཁག་དང་འགལ་ཚེ། དུས་ཡུན་ལོ་ངོ་༡ ནས་༨ བར་དུས་བཀག་བཙོན་འཇུག་བྱ་རྒྱུ་གཏན་འབེབས་བྱས་ཡོད་པ་རེད།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་དབང་ཕྱུག་གར་ཁྲིད་ཅི་བྱས་ཀྱི་གནས་སྟངས་ལ་བློ་འཚབ་དང་། རྒྱ་གཞུང་གིས་ཁོང་གང་བྱུང་བཙོན་འཇུག་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། འདི་ག་ལྟེ་གནས་ཁང་ནས། རྒྱ་གཞུང་གིས་དབང་ཕྱུག་གི་ནང་མི་ཚོར་སུན་གཙེར་སྡུག་སྦྱོང་གཏོང་བཞིན་པ་མྱུར་དུ་མཚམས་འཇོག་དགོས་པ་དང་། ཁོང་ཚོའི་འགྲོ་བ་མིའི་ཐོབ་ཐང་ཁག་དང་བདེ་དོན་རོགས་སྐྱོར་ཁག་མྱུར་དུ་བསྐྱར་གསོ་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་ཡི་ཡོད། འདི་ག་ལྟེ་གནས་ཁང་ནས། རྒྱ་གཞུང་གིས་དབང་ཕྱུག་གང་བྱུང་བཙོན་འཇུག་བྱས་པ་དེ་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་ཁྲིམས་ཡིག་རྩ་འཛིན་ཁག་རྩིས་མེད་བརྡལ་བཤིག་བཏང་བ་ཞིག་ཡིན་པས། ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་ཁོང་མྱུར་དུ་གློད་གྲོལ་གཏོང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་ཡི་ཡོད། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དང་། སྤྱི་མང་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་ཁྲིམས་ཡིག་གི་དོན་ཚན་༡༩ བའི་ནང་དུ། སྤྱི་མང་གི་བསམ་བརྗོད་རང་དབང་ལ་སྲུང་སྐྱོབ་ཁག་ཐེག་བྱས་ཡོད་པར་མ་ཟད། ད་དུང་ཆ་འཕྲིན་འཚོལ་བསྡུ་དང་བརྒྱུད་སྤེལ། སྤྱི་ཚོགས་བརྒྱུད་ལམ་དུ་སྤྱི་མང་གི་བསམ་བརྗོད་ཅི་རིགས་བརྒྱུད་སྤེལ་ཆོག་པའི་ཐོབ་ཐང་ཁག་ཚུད་ཡོད།