16/12/2019

འདི་ག་ལྟེ་གནས་ཁང་ནས་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་འགོག་ཐབས་ལས་འགུལ་སྤེལ་བར་གྲུབ་འབྲས་མི་དམན་པ་འཐོན་པར་སྣང་།

  •   
  •  
  •  
  •  
  •  
  •  
  •  

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་དགའ་སྤོབས་ཀྱིས་ཞུ་རྒྱུར། རང་རེའི་སྤྱི་ཚོགས་ནང་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་འགོག་ཐབས་ལས་འགུལ་སྤེལ་བར་གྲུབ་འབྲས་མི་དམན་པ་འཐོན་པར་སྣང་། ཕྱི་ཟླ་༡༡ ཚེས་༢༥ ཉིན་གྱི་ལས་འགུལ་དབུ་འཛུགས་མཛད་སྒོར་གནས་ཡུལ་རྒྱ་གར་ནང་ལོགས་ཀྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་སྤྱི་ཚོགས་གཞན་གྱི་མང་ཚོགས་མཉམ་ཞུགས་དང་གསན་གཞིག་གནང་ཡོད། མཛད་སྒོའི་སྐུ་མགྲོན་རྣམ་པས་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་ཕོག་མཁན་གྱི་གྲངས་འབོར་དང་དེའི་གནས་ཚུལ་ཁག་ལྷུག་བརྗོད་གནང་ནས་གསན་ཞུགས་གནང་མཁན་མང་ཚོགས་ལ་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བའི་གོ་རྟོགས་གང་ལེགས་སྤེལ་ཐུབ་ཡོད། ཕྱི་ཟླ་༡༢ ཚེས་༡༠ བར་གྱི་ང་ཚོའི་དྲ་ལམ་ལས་འགུལ་ལ་གྲུབ་འབྲས་མི་དམན་པ་ཐོན་དང་འཐོན་མུས་ཡིན། དེ་ཡང་གཟའ་འཁོར་གཅིག་མ་ཟིན་ཙམ་རིང་ང་ཚོས་དྲ་ལམ་དུ་སྤེལ་བའི་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་མྱོང་མཁན་ཞིག་གི་མྱོང་ཚོར་སྐོར་གྱི་བརྙན་ཐུང་ཞིག་སྤེལ་བར། རྒྱབ་སྐྱོར་གྱི་སྙིང་རྟགས་སྤྲོད་མཁན་དང་བརྒྱུད་སྤེལ་གནང་མཁན་མི་གྲངས་༣༠༠༠༠ ལྷག་བརྒལ་ཡོད།

ཡིན་ནའང་ཡར་རྒྱས་ཀྱི་གྲུབ་འབྲས་འཐོན་རྒྱུ་ལས་སླ་བ་མ་ཡིན་ཏེ། ང་ལ་ཡང་གཙོས་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་འགོག་ཐབས་ལས་འགུལ་སྤེལ་བའི་ཁྲོད་དུ། སོ་སོའི་མྱོང་ཚོར་དངོས་རྗོད་མཁན་ལས་འགུལ་བ་མང་པོ་ཞིག་ལ་ཉེས་འཛུགས་དང་སྐྱོན་འཛུགས་༼བློ་ཡིད་ལས་འདས་པའི་གནག་སེམས་ཀྱི་སྐྱོན་འཛུགས།༽ཐེབས་ཡོད། མི་རེ་ཟུང་གིས་དྲ་ལམ་འཕྲིན་ཐུང་བསྐུར་བའམ་མཆན་འགྲེལ་བྲིས་ཏེ། ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བའི་མྱོང་ཚོར་དངོས་རྗོད་མཁན་ཚོར། འཚེ་བ་བཟོ་མཁན་གང་ཟག་གི་མཚན་སྙན་ལ་གནོད་པའི་ཉེས་འཛུགས་བྱས་ཡོད་ལ། མང་པོ་ཞིག་གིས་ཆགས་སྲེད་བརྙས་བཅོས་བཟོ་མཁན་ཐེར་འདོན་བྱས་ན། ཁོ་ཚོར་གནོད་འཚེ་ཐེབས་སྲིད་པར་ཁ་གཡར་ནས་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་བཟོ་མཁན་ལ་རོགས་འདེགས་ཀྱི་རྣམ་འགྱུར་སྟོན་གྱི་འདུག

གང་ལྟར་ཐེངས་འདིའི་དྲ་ལམ་ལས་འགུལ་ཁྲོད་དུ་སོ་སོའི་མྱོང་ཚོར་དངོས་རྗོད་མཁན་ལ་སྐྱོན་འཛུགས་ཐེབས་པ་དེ་ནི། ལས་འགུལ་འདིས་གནད་འཁེལ་གྲུབ་འབྲས་འཐོན་པར་མཚོན་ཡོད། ལས་འགུལ་འདིས་འཚེ་བ་མྱོང་མཁན་ལ་ཉེས་འཛུགས་དང་ངོ་ཚ་ཁ་སྐྱེངས་བཟོ་བ། འཚེ་བ་མྱོང་མཁན་གྱི་དངོས་ཡོད་གནས་ཚུལ་ཁས་མི་ལེན་པའི་རང་རེའི་སྤྱི་ཚོགས་ཀྱི་རྒྱུན་སྲོལ་གནས་སྟངས་དེ་གསལ་འདོན་བྱས་ཡོད། ལས་འགུལ་འདིའི་དམིགས་ཡུལ་གཅིག་ནི། ང་ཚོ་ཚང་མ་མཉམ་རུབ་ཀྱི་ཐོག་ནས་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བའི་གནས་སྟངས་ཡར་རྒྱས་ཅི་ཙམ་ཕྱིན་ཡོད་མེད་ལ་གཞིགས་ཏེ། རང་རེའི་སྤྱི་ཚོགས་ཀྱི་ངོ་གདོང་ངོ་མ་གསལ་སྟོན་བྱ་རྒྱུ་དེ་ཡིན། ང་ཚོའི་ངོས་ནས་མི་མང་ཚང་མ་ཐེངས་འདིའི་ལས་འགུལ་ནང་མཉམ་ཞུགས་ཀྱིས་སོ་སོའི་བསམ་ཚུལ་བརྗོད་པའམ་ང་ཚོས་དྲ་ལམ་དུ་སྤེལ་བའི་གནས་ཚུལ་ལ་མཆན་འགྲེལ་འགོད་པའི་གོ་སྐབས་བསྐྲུན་ཡོད། གོ་སྐབས་དེ་ང་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་གནང་མཁན་དང་དགག་པ་རྒྱག་མཁན་གཉིས་ཆར་སྤྲད་ཡོད། མངོན་གསལ་དོད་པོར་ཉེས་ཅན་པའི་ནག་ཉེས་གསལ་བརྗོད་བྱས་པ་བརྒྱུད་ནས། ང་ཚོས་མི་མང་པོ་ཞིག་གིས་ད་དུང་ཡང་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་དང་དེའི་ཚབས་ཆེའི་ཤན་ཤུགས་མུ་མཐུད་དུ་སྣང་མེད་གཏོང་བཞིན་པ་ཤེས་རྟོགས་བྱུང་།

ང་ཚོའི་ལས་འགུལ་གྱི་དམིགས་ཡུལ་ནི་ཕོ་མོ་དབྱེ་བ་མེད་པར་མི་ཚང་མ་གཅིག་མཚུངས་ཀྱིས་བརྩི་བཀུར་འཐོབ་རྒྱུ་དང་། དེའི་ནང་དུ་ཐེངས་འདིའི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་རྣམ་པའི་རང་སྐྱོང་དང་རང་ཐག་རང་གཅོད་ལའང་བརྩི་བཀུར་འཐོབ་རྒྱུ་ཚུད་ཡོད། ང་ཚོས་ལས་འགུལ་ནང་མཉམ་ཞུགས་མི་མང་གི་བདེ་འཇགས་ལ་སྲུང་སྐྱོབ་དང་རང་གི་མྱོང་ཚོར་གསལ་བརྗོད་གནང་མཁན་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཀྱི་ཡོད། ཉེས་ཅན་པ་དང་ངན་རོགས་ཚོའི་འཇིགས་སྣང་དང་འཚེ་བའི་རྣམ་འགྱུར་ལས། ཐ་ན་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བའི་སྐོར་གླེང་སློང་བྱས་པ་ཙམ་གྱིས་ཀྱང་འཚེ་བ་མྱོང་མཁན་དང་རྒྱབ་སྐྱོར་གནང་མཁན་ཚོ་གནོད་འཚེ་ལ་འཕྲད་ངེས་རེད། དེ་བས། མཉམ་ཞུགས་གནང་མཁན་ཚོ་ཐེངས་འདིའི་ལས་འགུལ་ནང་ཞུགས་མིན་སོ་སོའི་རང་དབང་ཡིན་ལ། གལ་ཏེ་བདེ་འཇགས་མིན་ཚེ། སོ་སོའི་མྱོང་ཚོར་དངོས་བརྗོད་པའི་ལས་འགུལ་ཕྱིར་འཐེན་བྱས་ཀྱང་ཆོག ང་ཚོས་སོ་སོའི་མྱོང་ཚོར་དངོས་གསུང་མཁན་ལས་འགུལ་བ་ཞིག་གི་བདེ་འཇགས་ལ་བརྩི་བཀུར་གྱིས་དེ་འབྲེལ་གྱི་བརྙན་ཐུང་ཕྱིར་འཐེན་བྱེད་དགོས་བྱུང་ཡོད། དེ་ཡང་ང་ཚོས་འཚེ་བ་མྱོང་མཁན་ཞིག་གི་མྱོང་ཚོར་སྐོར་གྱི་བརྙན་ཐུང་ཞིག་སྤེལ་བར་བརྟེན་ནས། ཉེ་འབྲེལ་བུ་མོ་ཞིག་སྡོད་བཟོད་མི་བདེ་བ་ཆགས་ནས་ང་ཚོར་བརྙན་ཐུང་དེ་ལམ་སང་ཕྱིར་འཐེན་དགོས་པའི་རེ་འདུན་ཞུས་པ་རེད། ཐེངས་འདིའི་ལས་འགུལ་ལ་བརྟེན་ནས་ང་ཚོས་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་བྱུང་བར་མ་ཟད། ལྷག་པར་དུ་བློ་སྤོབས་ཆེན་པོས་སོ་སོའི་མྱོང་ཚོར་དངོས་རྫོད་མཁན་རྣམ་པར་ང་ཚོས་མུ་མཐུད་རྒྱབ་སྐྱོར་བྱེད་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་ངེས་ཤེས་བརྙེད་བྱུང་། ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་ནི་སྤྱི་ཚོགས་ཀྱི་དཀའ་རྙོག་ཡིན་པ་དང་། དེའི་གོ་རྟོགས་ཡོང་རྒྱུ་ནི་གནོད་འཚེ་འདི་འགོག་ཐབས་གལ་ཆེན་ཆགས་ཡོད།

ང་ཚོའི་ལས་འགུལ་འདི་ནི་ད་ལན་གཅིག་པུས་མཇུག་རྫོགས་སོང་བ་མ་ཡིན་པར། ཐོག་མར་འཚེ་བའི་མྱོང་ཚོར་གསལ་བརྗོད་ཀྱིས་མུ་མཐུད་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་འགོག་ཐབས་བྱ་རྒྱུ་གལ་ཆེན་པོ་རེད། ང་ཚོས་ད་དུང་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་མྱོང་མཁན་ཚོར་གདུང་སེམས་མཉམ་སྐྱེད་དང་། འཚེ་བ་ཐེབས་མཁན་དང་། ཁོ་མོ་ཚོར་རྒྱབ་སྐྱོར་དང་ཡིད་ཆེས་གནང་མཁན་ལ་འབྲེལ་གཏུག་བྱེད་ཀྱི་ཡོད། ང་ཚོས་ཐེངས་འདིའི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་གྱི་དཀའ་ངལ་སེལ་ཐུབ་པ་བྱུང་ན། ཁོ་མོ་ཚོ་བརྒྱུད་ནས་བུད་མེད་གཞན་དག་ལའང་སོ་སོའི་མྱོང་ཚོར་གསལ་བརྗོད་དང་འཚེ་བ་འགོག་ཐབས་ཀྱི་སྒུལ་ཤུགས་སྤྲོད་ཐུབ།

འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ནས། ང་ཚོས་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་ནི་མི་སྒེར་གྱི་གནད་དོན་ཙམ་མིན་པར། དེ་ནི་རྩ་ཆེའི་ཡུལ་སྲོལ་གོམས་གཤིས་མིན་པ་དང་། སྐྱེས་པ་དང་བུད་མེད་ཀྱིས་ཅིས་ཀྱང་བཟོད་བསྲན་དགོས་པའི་ཆེས་སྤྱིར་བཏང་གི་རྡོག་ཁྲེས་ཤིག་དེ་བས་ཀྱང་མིན་པའི་ངེས་ཤེས་བསྐྱེད་ཐུབ། སྔོན་ཆད་ཇེའུ་མི་རིགས་སྡེབ་གསོད་བཏང་སྐབས་ཀྱི་བཤད་ཆ་སྙིང་བསྡུས་ཤིག་ཞུས་ན། སྐབས་དེར་འཚེ་བ་མྱོང་མཁན་ཨེ་ལེ་ཡ་ཝེ་སིལ་(Elie Wiesel)གྱིས། ལེགས་ཉེས་ཀྱི་ཕྱོགས་གང་ཡང་མི་བརྗོད་པ་ནི་བསམ་བཞིན་ཉེས་ཅན་པར་རྒྱབ་སྐྱོར་བྱས་པ་ཡིན་སྐོར་གསུང་འདུག ཐེངས་འདིའི་དགོས་ངེས་ཀྱི་ལས་འགུལ་ལངས་ཕྱོགས་གཙོ་བོ་རང་ཉིད་ལ་གཉའ་གནོན་ཐེབས་ཀྱང་ད་དུང་མི་སྨྲ་བའི་བརྟུལ་ཞུགས་འཛིན་པ་ནི་རང་ཉིད་འཚོ་གནས་ཀྱི་འདམ་ག་ཞིག་གཏན་ནས་མ་ཡིན་པ་དེའོ།།