12/12/2019

འདས་པའི་ལོ་ངོ་བཞི་མ་ཟིན་ཙམ་ནང་མཚོ་སྔོན་ནང་ཞིང་འབྲོག་མང་ཚོགས་འབུམ་གཉིས་གནས་སྤོར་བཏང་འདུག

  •   
  •  
  •  
  •  
  •  
  •  
  •  
བདེ་སྐྱིད་སྡེ་བ།

ལོ་ངོ་གཅིག་ལྷག་གི་སྔོན་ནས་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་༼དུས་ཡུན་ཕྱི་ལོ་༢༠༡༦ ནས་༢༠༢༠༽ ལྟར། རྒྱ་གཞུང་གིས་མཚོ་སྔོན་ཞིང་ཆེན་ནང་ཞིང་འབྲོག་མང་ཚོགས་༢༠༠༠༠༠ དང་དུད་ཁྱིམ་༥༢༠༠༠ ཡུལ་གཞན་དུ་གནས་སྤོར་བཏང་ཟིན་ཡོད་འདུག

ཕྱི་ཟླ་༩ ཚེས་༡༢ ཉིན་ཀྲུང་དབྱང་བརྙན་འཕྲིན་ཁང་ནས། གནས་སྤོར་དབུལ་སྐྱོར་ལས་གཞིའི་ཁྲོད། ཞིང་པ་དང་ས་མ་འབྲོག་མང་ཚོགས་རྣམས་ཞིང་སྡེ་ཡུལ་སྐོར་དང་དབུལ་སྐྱོར་ཐོན་ལས། ཟས་རིགས་ཐོན་གཉེར་བཅས་ཀྱི་ལས་རིགས་ནང་ཞུགས་ནས། གཞི་རིམ་ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་ཕྱིན་རབས་དྲིལ་བསྒྲགས་བྱས་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་ནང་ཡུལ་གཞན་དུ་གནས་སྤོར་བཏང་བའི་ཁྲོད་དུ། དབུལ་ཐར་མཁྲེག་གཏོར་གྱི་མིང་ཐོག་ནས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁོངས་ཀྱི་གྲོང་དང་གྲོང་སྡེ་༧ གྱི་འབྲོག་ཁྱིམ་༢༥༡ དང་ཞིང་པ་༣༠ གནས་སྤོར་བཏང་ཡོད་པ་དང་། ཞིང་སྡེའི་དུད་ཁྱིམ་དེ་དག་ཕྱི་ལོ་༢༠༡༦ ལོར་གཅན་ཚ་རྫོང་ནང་འཛུགས་སྐྲུན་བྱས་པའི་གནས་སྤོར་ས་ཚུགས་གསར་བ་བདེ་སྐྱིད་སྡེ་བ་ཞེས་པའི་ནང་གནས་སྤོར་དུ་བཅུག་ཡོད་པ་དང་། འབྲོག་ཁྱིམ་དེ་དག་ཀྱང་ཕྱི་ལོ་༢༠༡༦ ལོར་ཉེ་འགྲམ་གྱི་སྡེ་བ་ཁག་ཅིག་གི་དབུལ་ཐར་མཁྲེགས་གཏོར་སྡེ་བ་༧ གྱི་ཁོངས་ནས་གནས་སྤོར་བཏང་བ་ཡིན་འདུག

ཀྲུང་དབྱང་བརྙན་འཕྲིན་ཁང་གི་དྲིལ་བསྒྲགས་ནང་དུ། ཞིང་འབྲོག་དུད་ཁྱིམ་དེ་དག་གནས་སྤོར་བཏང་ནས་ལོ་ངོ་གཉིས་ཀྱི་རྗེས་སུ། ས་གནས་སྲིད་གཞུང་གིས་གྲོང་སྡེ་ཡུལ་སྐོར་དང་དབུལ་སྐྱོར་ཐོན་ལས་ལ་དམིགས་ཏེ། གྲོང་གསར་བདེ་སྐྱིད་སྡེ་བའི་ཁྱིམ་ཚང་༣༠ བདམས་ནས་གྲོང་སྡེ་ཁེ་ལས་ནང་ཞུགས་བཅུག་ཡོད་ལུགས་དང་། གྲོང་སྡེ་ཡུལ་སྐོར་དུས་ཚིགས་སྐབས་སུ། ཁྱིམ་ཚང་དེ་དག་ཟས་རིགས་ཐོན་ལས་དང་མགྲོན་ཁང་བདག་གཉེར། ཡུལ་སྐོར་བར་མགྲོན་གཉེར་བཅས་ཀྱི་ལས་སུ་བྲེལ་ཡོད་རབས། གནས་སྤོར་སྡེ་བ་གསར་བ་དེ་ད་ལྟ་གྲོང་སྡེ་ཡུལ་སྐོར་ལྟེ་གནས་གསར་བ་ཞིག་ཆགས་ཏེ། ཡུལ་མི་ཚོས་སོ་སོའི་ཕ་མེས་རིང་ནས་བརྒྱུད་ཡོང་བའི་རྩྭ་ས་བསྐྱུར་ནས་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་འཚོ་ཐབས་ཀྱི་ཐོན་ཁུངས་གསར་བར་རེ་སྙེག་གནང་གི་ཡོད་ལུགས་བསྒྲགས་འདུག

ཞིང་འབྲོག་མང་ཚོགས་གནས་སྤོར་བཏང་བ་དེ་ནི། རྒྱ་གཞུང་གིས་བོད་ཡུལ་མཐོ་སྒང་ཡོངས་སུ་བཙན་དབང་གིས་ལག་བསྟར་བྱེད་བཞིན་པའི་དབུལ་ཐར་མཁྲེགས་གཏོར་ཟེར་བ་དང་སྐྱེ་ཁམས་སྲུང་སྐྱོང་ཟེར་བའི་ལས་གཞིའི་འོག་ཏུ་ལག་བསྟར་བྱས་པ་ཞིག་རེད་ལ། རྒྱ་གཞུང་གི་བརྒྱུད་ལམ་ཁག་ཏུ་གནས་སྤོར་མང་ཚོགས་ཀྱི་འཚོ་བ་འཕེལ་རྒྱས་ཆེན་པོ་ཕྱིན་ལུགས་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱིན་ཡོད་ནའང་། དོན་དངོས་སུ་ལས་གཞི་དེ་དག་གིས་ས་གནས་བོད་མི་ཚོའི་འཚོ་ཐབས་ཉམ་རྒུད་དུ་བཏང་ཡོད་པར་མ་ཟད། བཟའ་བཅའི་བདེ་འཇགས་ལ་ཉེན་ཚབས་བཟོས་པ། ཡུལ་མིའི་རྩྭ་སའི་བདེ་འཇགས་དང་བདག་དབང་བཙན་འཕྲོག་བྱས་ཡོད་པ་རེད།