17/01/2021

འགྲོ་བ་མིའི་ཐོབ་ཐང་ཉིན་མོར་<<པཎ་ཆེན་རིན་པོ་ཆེ་བཙལ་བ་>>ཞེས་པའི་བོད་སྒྱུར་དཔེ་དེབ་འགྲེམ་སྤེལ་བྱས་ཡོད།

  •   
  •  
  •  
  •  
  •  
  •  
  •  

ཀུན་གཟིགས་༸ པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་བཙན་དབང་གིས་གར་སོང་ཆ་མེད་བཟོས་པའི་སྐོར་གྱི་སྙན་ཐོ་<<མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྙུགས་སྲིང་སྟེ་བོད་ཀྱི་༸པཎ་ཆེན་རིན་པོ་ཆེ་བཙལ་བ།>>ཞེས་པའི་བོད་སྒྱུར་དེབ་ཆུང་འདི་རྒྱ་གར་དྷ་རམ་ས་ལའི་ནོར་བུ་གསོལ་མགྲོན་ཁང་དུ་གསར་འགོད་ལྷན་ཚོགས་བསྐོངས་པའི་ཐོག་འགྲེམ་སྤེལ་དབུ་འབྱེད་བྱས་ཡོད།

རྩོམ་པ་བོ་བྲག་དམར་ངག་དབང་ཆོས་འཕེལ་གྱིས་ཕྱི་ལོ་༡༩༩༥ ལོ་ནས་༢༠༡༩ བར་དུས་ཡུན་ལོ་ངོ་ཉི་ཤུ་རྩ་བཞིའི་རིང་སྐུ་ངལ་འཛེམས་མེད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་སྲིད་གཞུང་ཁག་གིས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱུན་མཐུད་ནས་རྒྱ་ནག་གཞུང་ལ་འདྲི་རྩད་རིམ་པར་བྱས་ཏེ་བོད་ཀྱི་༸པཎ་ཆེན་རིན་པོ་ཆེ་བཙལ་བ་དང་། རྒྱ་ནག་གཞུང་གིས་འཁྱོག་བཤད་དང་དྲང་བདེན་མིན་པའི་ལན་འདེབས་ཁོ་ན་བྱས་ནས་དུས་ཚོད་འཁྱོལ་ཐབས་བྱས་པ། དེ་བས་ལོ་ངོ་འདི་དག་རིང་༸པཎ་ཆེན་རིན་པོ་ཆེ་དང་འབྲེལ་བའི་གནད་དོན་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་རྩ་བ་ནས་ཕྱིན་མེད་པའི་ཁར། ལོ་རེ་བཞིན་བློ་འཚབ་ཇེ་ཆེར་འགྱུར་བཞིན་ཡོད་པའི་སྐོར་ལ་ཞིབ་འཇུག་ནན་ཏན་གནང་སྟེ་ཐོག་མར་དབྱིན་ཡིག་ཐོག་བྲིས་གནང་བ་རེད།

གནས་ཡུལ་རྒྱ་གར་ནང་རྟེན་གཞི་བྱས་པའི་བཀྲས་ལྷུན་༸པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་དང་། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ཚོགས་པ་གཉིས་ཀྱི་ངོས་ནས། ཡུ་རོབ་དང་འཇར་མན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ལས་འགུལ་ཁང་ཐུན་མོང་ནས་དཔལ་འབྱོར་གྱི་མཐུན་འགྱུར་རོགས་རམ་གནང་བར་བརྟེན་ནས་སྙན་ཐོ་འདི་བོད་སྒྱུར་འགྲེམ་སྤེལ་ཐུར་པར་དགའ་ཚོར་ཆེན་པོ་བྱུང་ཡོད། འོན་ཀྱང་དེབ་ཆུང་འདི་བོད་བསྒྱུར་བྱེད་སྐབས། ཕྱི་ལོ་༢༠༡༩ ཟླ་༡༡ ཚེས་༥ ཉིན་རྩོམ་པ་བོ་བྲག་དམར་ངག་དབང་ཆོས་འཕེལ་ལགས་སྙུང་གཞིའི་རྐྱེན་གྱིས་གློ་བུར་དུ་སུད་སི་འཇི་ནི་ཝར་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་ནི་ཁོང་གི་ནང་མི་ཙམ་མ་ཟད། ཤེས་འཇོན་ཉམས་མྱོང་ལྡན་པའི་བོད་དོན་ལས་འགུལ་བ་ཞིག་གློ་བུར་དུ་མེད་པ་ཆགས་པ་དེ་ནི་ཧ་ཅང་ཕངས་པོ་བྱུང་ཡོད།

དེབ་ཆུང་འདིའི་ནང་དོན་གཙོ་བོ་ནི། ཕྱི་ལོ་༡༩༩༥ ལོ་ནས་འཛམ་གླིང་ས་ཕྱོགས་གང་ས་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་མཉམ་འབྲེལ་རྒྱལ་ཚོགས་ལ་རྣམ་པ་འདྲ་མིན་ཐོག་ནས་༸པཎ་ཆེན་རིན་པོ་ཆེ་འཕྲལ་དུ་གློད་བཀྲོལ་དགོས་པའི་སྐོར་སྙན་ཞུ་ཕུལ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་པ་ཁག་ནས་རྒྱ་གཞུང་ལ་འདྲི་རྩད་བྱས་པ། རྒྱ་གཞུང་གིས་འཁྱོག་བཤད་དང་གཡོལ་ཐབས་ཁོ་ན་བྱས་པ་ལས་དོན་དངོས་དང་འཚམ་པའི་ལན་འདེབས་གཅིག་ཀྱང་བྱེད་མྱོང་མེད་པ་སོགས་ཀྱི་སྐོར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་དང་། བྱིས་པའི་ཐོབ་ཐང་། ཆོས་དད་རང་མོས་ཐོབ་ཐང་། མནར་གཅོད་འགོག་པའི་ཚན་པ། བཙན་དབང་དང་ངེས་མེད་དུ་གར་སོང་ཆ་མེད་དུ་འགྱུར་རིགས་སྔོན་འགོག་ཚན་པ་བཅས་སྡེ་ཚན་སོ་སོས་ཕྱག་ལས་གནང་སྟངས་སྐོར་ཁ་གསལ་བཟོས་ཡོད།

དེར་མ་ཟད་ང་ཚོས་འབྲེལ་ཡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གལ་ཆེའི་ཡིག་ཆ་ཁག་ཅིག་གི་ངོ་བཤུས་ཟུར་སྦྱར་ཞུས་པས་རྒྱ་ཆེའི་བོད་དོན་ཉམས་ཞིབ་པ་དང་། ཀློག་པ་པོ་ཚོར་དེབ་འདི་བརྒྱུད་རྒྱལ་ཚོགས་དང་འབྲེལ་བའི་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱུན་གཏན་མིན་པའི་མཐོང་ཚུལ་གསར་པ་ཞིག་གཟིགས་ཐུབ་པ་དང་། བོད་དོན་ལས་འགུལ་བ་ཚོར་ཉམས་ཞིབ་ཀྱི་རྒྱུ་ཆ་གལ་ཆེན་ཞིག་ཏུ་ཐུགས་ཕན་གསོ་ངེས་ཡིན།

འདས་པའི་མི་ལོ་ཉི་ཤུ་ལྷག་རིང་གཞུང་དམངས་གཉི་གས་རྒྱལ་སྤྱིའི་ཐོག་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་བཙལ་ཀྱང་བརྙེད་མེད་པས། མུ་མཐུད་དུ་ང་ཚོས་ཐུན་མོང་གི་ནུས་པ་མཉམ་སྤུངས་ཀྱིས་རྒྱལ་སྤྱིའི་འབྲེལ་ཡོད་སྡེ་ཚན་ཁག་ལ་ཟམ་མི་ཆད་པར་སྙན་ཞུ་འབུལ་རྒྱུས་མཚོན། རྒྱལ་ཚོགས་ནས་ལས་འགུལ་མཇུག་སྐྱོང་ཡོང་རྒྱུར་མཐའ་གཅིག་ཏུ་ཤུགས་སྣོན་སྐྱོན་རོགས།