17/01/2021

འགྲོ་བ་མིའི་ཐོབ་ཐང་ཉིན་མོར། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཡོང་ཐབས་ཀྱིལས་འགུལ།

  •   
  •  
  •  
  •  
  •  
  •  
  •  

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་སྟབས་བསྟུན་འདི་ག་ལྟེ་གནས་ཁང་གིས། རྒྱལ་སྤྱིའི་སྤྱི་ཚོགས་ནས་སྐྱེ་བོ་ཚང་མར་འགྲོ་བ་མིའི་ཐོབ་ཐང་མངོན་འགྱུར་དང་ཡར་རྒྱས། སྲུང་སྐྱོབ་ཡོང་ཐབས་ཀྱི་བྱ་འགུལ་སྤེལ་བའི་འབོད་སྐུལ་ཞུ་ཡི་ཡོད་ལ། ང་ཚོས་ལོ་ལྟར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་པའི་ཉིན་མོ་སྲུང་བརྩི་གནང་བཞིན་པའི་སྐབས་འདིར། བོད་མི་ཆབ་སྲིད་བཙོན་པ་སྟོང་ཕྲག་མང་པོ་ལོ་རྒྱུས་རང་བཞིན་གྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་བསྒྲགས་ནང་གསལ་གྱི་སྐྱེ་བོ་ཚང་མའི་རང་དབང་དང་ཐོབ་ཐང་ཅི་གང་མེད་པར་རྒྱ་གཞུང་གི་བཙོན་འོག་ཏུ་ལྷག་ཡོད།
བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཡོངས་ཐབས་ཀྱི་ལས་འགུལ་འདིས། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ནང་གསལ་གྱི་རང་དབང་དང་ཐོབ་ཐང་ལོངས་སུ་སྤྱོད་མཁན་བོད་མི་རྣམས་འཛིན་བཟུང་བཙོན་འཇུག་གི་གནང་སྟངས་ཤེས་རྟོགས་མ་ཐུབ་པའི་གནད་དོན་གསལ་སྟོན་བྱས་ཡོད། འདི་ག་ལྟེ་གནས་ཁང་ནས་སྒྲིག་བཟོ་བྱས་པའི་བོད་སྐད་༼དབྱིན་སྐད་ཀྱི་མཆན་ཡིག་སྦྱར་ཡོད།༽བར་འཇུག་རི་མོའི་བརྙན་ཐུང་ནང་། བོད་མི་དཀྱུས་མ་ཚོ་འཛིན་བཟུང་བཙོན་འཇུག་དང་མི་སྤྱོད་ལས་འདས་པའི་མནར་གཅོད་ཐེབས་པའི་ལོ་རྒྱུས་འཁོད་ཡོད་ལ། བརྙན་ཐུང་འདི་དག་ཕྱི་ལོ་༢༠༢༡ ཟླ་༡ ཚེས་༡༠ ཉིན་དབར་འདི་ག་ལྟེ་གནས་ཁང་གི་བརྒྱུད་ལམ་ཁག་ནང་བདུན་ཕྲག་རེར་བརྙན་ཐུང་གཉིས་རེ་བྱས་ནས་བརྒྱུད་འགོད་བྱ་འཆར་ཡོད། ལོ་རྒྱུས་བརྙན་ཐུང་འདི་དག་གི་ནང་དུ། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ནི་རྒྱ་གཞུང་གི་སྲིད་དབང་གཅིག་སྡུད་སྒེར་གཅོད་ལམ་ལུགས་ཀྱི་འཚེ་བ་ཐེབས་མཁན་ཡིན་པའི་གནས་སྟངས་གསལ་སྟོན་བྱས་ཡོད་ལ། ལམ་ལུགས་འདིས་ཆབ་སྲིད་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་བཏང་ཡོད། ཕྱི་ཟླ་༡༢ བའི་ཚེས་༩ ཉིན་བཀྲས་ལྷུན་༸པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་དང་། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ཚོགས་པ་གཉིས་ནས། གནས་ཡུལ་རྒྱ་གར་དྷ་རམ་ས་ལར་གསར་འགོད་ལྷན་ཚོགས་བསྐོངས་ནས། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་བྲག་དམར་ངག་ཆོས་འཕེལ་གྱིས་བརྩམས་པའི་སྙན་ཐོ་བོད་སྒྱུར་འགྲེམ་སྤེལ་བྱས་ཡོད་ཅིང་། ཕྱི་ལོ་༢༠༡༩ ཟླ་༡༡ ཚེས་༥ ཉིན་རྩོམ་པ་བོ་ཁོང་སྙུང་གཞིའི་རྐྱེན་གྱིས་སུད་སི་འཇི་ནི་ཝར་སྐུ་གཤེགས་པ་རེད། ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་ནི་འཛམ་གླིང་སྒང་གི་ཆབ་སྲིད་བཙོན་པ་ལོ་ན་ཆུང་ཤོས་གྲས་ཀྱི་གཅིག་ཡིན་པ་དང་། འདས་པའི་མི་ལོ་༢༠ ལྷག་གི་རྗེས་སུ་ཁོང་ཉིད་ཀྱི་དངོས་ཡོད་གནས་སྟངས་ད་དུང་ཡང་གསལ་རྟོགས་མ་ཐུབ་པར་ལྷག་ཡོད།
འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་འདི་ག་ལྟེ་གནས་ཁང་གི་ངོས་ནས་དུས་ཡུན་ཉིན་གྲངས་༡༦ རིང་ཕོ་མོ་དབྱེ་འབྱེད་གཞིར་བྱས་ཁྱིམ་ཚང་ནང་གི་དྲག་སྤྱོད་འགོག་ཐབས་ལས་འགུལ་མཇུས་བསྡུས་པ་དང་བསྟུན་ནས། འཛམ་གླིང་ལྷོ་རྒྱུད་ཀྱི་སྐྱེས་མ་རྣམས་ནས་ཕོ་མོ་འདྲ་མཉམ་སྐོར་གྱི་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་གཞིར་བྱས་ཀྱི་ཕྱག་ལས་དང་བྱ་འགུལ་མང་པོར་སྣེ་འཁྲིད་གནང་བཞིན་པ་དྲན་གསོ་ཞུ་རྒྱུ་དང་། ཉེ་བའི་ཆར་གྱི་ཞིབ་འཇུག་ལྟར་ན། བྷར་རྫི་ལན་(Brazilian)གྱི་སྐུ་ཚབ་བྷིར་ཐཱ་ལུའུ་ཊི་ཙེ་(Dr Bertha Lutz)དང་། གཞན་ཌོ་མེ་ནེ་ཁན་སྤྱི་མཐུན་རྒྱལ་ཁབ་(Dominican Republic)། ཡུ་རུ་གྷུ་ཡ་(Uruguay)། མེ་སེ་ཁོ་(Mexico)། ཝི་ནི་རྫུ་ལ་(Venezuela)། ཨོ་སི་ཊི་རེ་ཡ་(Australia)སོགས་ཀྱི་བུད་མེད་སྐུ་ཚབ་རྣམ་པས། བུད་མེད་ཀྱི་ཐོབ་ཐང་སྐོར་གྱི་བཅའ་ཁྲིམས་གཞིར་བྱས་སྐྱེས་མའི་ཐོབ་ཐང་ཡར་རྒྱས་གཏོང་བའི་མངོན་འདོད་བཏོན་པ་གསལ་ཡོད།
འདི་ག་ལྟེ་གནས་ཁང་གི་ངོས་ནས། བཙན་དབང་གིས་གར་སོང་ཆ་མེད་བཟོས་པའི་མི་མང་ཚང་མ་སྲུང་སྐྱོབ་ཡོང་ཆད། རྒྱ་གཞུང་གིས་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་གཏོང་དགོས་པ་དང་། བོད་ནང་དུ་ལག་བསྟར་བྱེད་ཀྱིན་པའི་དྲག་གནོན་སྲིད་ཇུས་ཁག་མཚམས་འཇོག སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་ལ་ལག་བསྟར་ཆོག་མཆན་འགོད་པ། རྒྱ་གཞུང་གི་ཁྲིམས་སྒྲིག་དང་ཆབ་སྲིད་ལམ་ལུགས་ཁག་ཚང་མ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་དང་བསྟུན་པར་ངེས་བརྟན་བཟོ་དགོས་པ་བཅས་ཀྱི་འབོད་སྐུལ་ཞུ་ཡི་ཡོད།