28/09/2020

འགོག་རྒོལ་དང་ཞི་རྒོལ་གྱི་སྟོབས་ཤུགས། བོད་དོན་ལས་འགུལ་བ་པདྨ་སྒྲོལ་མ།

  •   
  •  
  •  
  •  
  •  
  •  
  •  

“ང་རང་འཚར་ལོངས་བྱུང་བའི་སྤྱི་ཚོགས་ཀྱི་ཁྲོད་དུ་བོད་དོན་དང་བོད་ནང་ལོགས་ཀྱི་གནང་སྟངས། ལྷག་པར་དུ་འདས་པའི་མི་ལོ་བཅུ་ཕྲག་རིང་བོད་མིས་མྱངས་པའི་དཀའ་སྡུག་དང་ཡིད་སྐྱོ་བའི་གནས་སྟངས་དངོས་ལ་རྒྱུས་ལོན་ཡོད་མཁན་མང་པོ་མི་འདུག ང་རང་ལོ་༡༣ ནས་༡༥ ཡས་མས་ཡིན་དུས། ཉིན་ཞིག་ང་སློབ་གྲྭར་སོང་བ་ཡིན་ལ། ཧལ་ཝེ་སློབ་གྲྭའི་(Hallway)ཚགས་པར་གྱི་མདུན་ཤོག་ངོས་སུ། སན་ཧྥ་རན་སི་ཁོ་གྷོལ་ཌིན་གྷེ་ཊི་(San Francisco golden gate)ཡི་སྟེང་དུ “འཛམ་གླིང་གཅིག རྨི་ལམ་གཅིག བོད་རང་དབང་།” ཞེས་བྲིས་པའི་འཕྲེད་དར་དཔྱངས་པའི་རྩོམ་ཡིག་ཅིག་སྤེལ་འདུག སྐབས་དེ་ནས་བཟུང་སློབ་གྲྭ་དང་རྒྱལ་ཁབ། འཛམ་གླིང་གང་སར་བོད་དོན་གླེང་སློང་བྱུང་བ་རེད།

འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་མར་ཊེན་ལུ་ཐིར་ཁེན་(Martin Luther King Jr)གྱིས། “དུས་ཟིང་ནི་སྨྲ་བ་བསྡམས་པའི་མི་མང་གི་འབོད་སྒྲ་རེད།” ཅེས་གསུངས་པ་ལྟར། ང་ཚོའི་བོད་དོན་ལས་འགུལ་དང་། ལྷག་པར་དུ་རྒྱ་ནག་དང་རྒྱལ་སྤྱིའི་སྟེང་གི་རྒྱ་གཞུང་གི་དཔལ་འབྱོར་སྟོབས་ཤུགས་སམ་ཆབ་སྲིད་ཀྱི་དབང་ཤུགས་འོག་ཏུ། བོད་ནང་བོད་མིའི་དངོས་ཡོད་གནས་ཚུལ་དང་ཡིད་སྐྱོའི་གནས་སྟངས་དངོས་དེ་མཐོང་ཐོས་མེད་པ་བཟོས་ཡོད་རྐྱེན། སྐབས་དེ་ཤེད་དུ་ངས་ནི་གོང་ཞུས་གསུང་བཤད་དེ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་པར་མཐོང་སོང་།

གཟའ་འཁོར་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་པདྨ་སྒྲོལ་མ་ནི་བཙན་བྱོལ་ནང་སྐྱེས་ཤིང་ནེའུ་ཡོག་གྲོང་ཁྱེར་དུ་སྡོད་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་ཞིག་རེད། གྲོང་ཁྱེར་དེ་གའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་གྱི་ཕྱག་ལས་མ་གནང་སྔོན་ལ། མོས་ཨ་རིའི་གྲོང་ཁྱེར་མ་ས་ཆུ་སི་ཊི་སི་(Massachusetts)ཡི་ཁམ་བྷི་རེ་རྗེ་(Cambridge)ས་ཁུལ་དུ་གཞུང་འབྲེལ་མིན་པའི་སྤྱི་ཚོགས་སྒྲིག་འཛུགས་དང་མི་རིགས་འདྲ་མཉམ་ཡོང་ཐབས་ཀྱི་ཟབ་སྦྱོང་སྤེལ་བ་སོགས་ཀྱི་ཕྱག་ལས་གནང་བ་དང་། མོས་ད་དུང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་དང་བླངས་ཀྱི་ལས་དོན་སྒྲུབ་མྱོང་ཡོད་འདུག

“ལེ་དབར་ཁྲི་སྟོང་གི་ཕ་རོལ་ནས་མཆེད་འོངས་པའི་བོད་ནང་བོད་མིའི་བོད་སྐད་ཡིག་གི་འབོད་སྒྲ་དེས་ངའི་ཡིད་སེམས་སྒུལ་བྱུང་ལ། ང་ལ་རིགས་ཞེན་གྱི་ཀུན་སློང་ཞིག་སྐྱེས་བཅུག་སོང་། དེར་མ་ཟད། ང་ལ་བོད་དོན་ལས་འགུལ་སྤེལ་པ་དང་། ལྷག་པར་དུ་བོད་དོན་ལས་འགུལ་ཁྲོད་དུ་ཞི་འབོད་དང་ཞི་རྒོལ་ཐོབ་ཐང་སྤྱད་ནས། འཛམ་གླིང་མི་མང་དང་འབྲེལ་ཐག་ཉེ་རུ་བཅར་ནས་བོད་མིར་ཡང་སོ་སོའི་ཐོབ་ཐང་ཁག་ལོངས་སུ་སྤྱོད་དབང་ཡོད་པ་བཅས་ཀྱི་ངེས་ཤེས་སྐྱེད་སོང་།”

པདྨ་སྒྲོལ་མ་ཐེངས་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་ཀྱིས་རྒྱ་གཞུང་ལ་འབོད་སྐུལ་གནང་དོན།

༡༽ ཞི་བའི་འདུ་འཛོམ་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་རྩ་འཛིན་དང་འགལ་བའི་རྒྱ་གཞུང་གི་ལག་བསྟར་སྲིད་ཇུས་ཁག་མྱུར་དུ་མཚམས་འཇོག་དགོས།

༢༽ ཞི་རྒོལ་བར་བཙན་དབང་གིས་དྲག་གནོན་དང་བཀག་བསྐྱིལ་བྱེད་ཐབས་ཀྱི་སྲིད་ཇུས་མེད་པར་བཟོ་དགོས།

༣༽ ཞི་རྒོལ་བ་གང་བྱུང་བཀག་ཉར་དང་མནར་གཅོད་གཏོང་མཁན་སྲིད་གཞུང་གི་དཔོན་རིགས་ཚོར་ཉེས་ཆད་འགེལ་དགོས།

༤༽ བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་དང་། སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་གཉིས་ལ་ལག་བསྟར་ཆོག་མཆན་འགོད་དགོས།

༥༽ ཞི་བའི་འདུ་འཛོམ་དང་ཚོགས་འཛུགས་རང་དབང་གི་ཐོབ་ཐང་ཐད་ཀྱི་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་གདད་ཞུ་ཞུས་ནས། ད་ལྟའི་བོད་ནང་གི་ཞི་བའི་འདུ་འཛོམ་རང་དབང་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་རྒྱུས་ལོན་བྱེད་དུ་འཇུག་དགོས།

ཕྱི་ཟླ་༥ ཚེས་༣ ཉིན་ནས་འདི་ག་ལྟེ་གནས་ཁང་གིས་ཞི་རྒོལ་ཐོབ་ཐང་གི་ལས་འགུལ་འགོ་བཙུགས་ཏེ། བོད་མིའི་ཞི་རྒོལ་སྙིང་སྟོབས་དང་སེམས་ཤུགས་བཅས་མཚོན་པའི་བྱུང་རིམ་ལོ་རྒྱུས་འགྲེམ་སྤེལ་གྱིས། ད་ཆར་རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་གི་གོ་སྐབས་བེད་སྤྱད་ནས། བོད་ནང་དུ་ཞི་བའི་ཐོག་ནས་འདོད་མོས་མེད་པའི་རྣམ་འགྱུར་ཇི་འདྲ་ཞིག་བསྟན་ནའང་། དེ་ལ་ཚབས་ཆེའི་དྲག་གནོན་དང་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་སྦེད་ཐབས་ཀྱི་སྒྲིབ་གཡོག་བཤུས་ཏེ། བོད་མིའི་སྨྲ་བརྗོད་རང་དབང་གསལ་འདོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

འདི་ལོའི་ཕྱི་ཟླ་༡༢ ཚེས་༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་བར་དུ། ཐེངས་འདིའི་ལས་འགུལ་བརྒྱུད་བོད་དོན་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་མི་སྣ་༣༠ ཡི་རེ་འདུན་དང་བློ་སྤོབས། ཞི་རྒོལ་བཅས་ཀྱི་གནས་ཚུལ་རིམ་པར་སྤེལ་འཆར་ཡོད།