09/12/2019

ཟིལ་དཀར་དགོན་པའི་དོ་དམ་མི་སྣ་རྒྱ་གཞུང་གིས་ཐད་བསྐོ་བརྒྱུད་དམ་དྲག་བྱེད་བཞིན་འདུག

  •   
  •  
  •  
  •  
  •  
  •  
  •  

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཉེ་བའི་ཟླ་འདིའི་ནང་རྒྱ་གཞུང་གི་དཔོན་རིགས་ལས་བྱེད་རྣམས་ཁམས་སྡེ་དགུ་མདོ་ས་ཁུལ་དུ་བསྐྱོད་ནས། ཁྲི་འདུ་རྫོང་ཁོངས་སུ་ཡོད་པོའི་དགོན་སྡེ་ཁག་ནང་དགོན་པའི་དོ་དམ་ལྷན་ཁང་གི་ཚོགས་མི་རྣམས་བརྗེ་བོ་བརྒྱབ་སྟེ། དགོན་པའི་ནང་དོ་དམ་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག

ལྷག་པར་དུ་ཁྲི་འདུ་རྫོང་རྫ་སྟོད་ཞང་གི་ཁོངས་སུ་ཡོད་པའི་ཟིལ་དཀར་དགོན་ཏུ། དགོན་པའི་དོ་དམ་ལྷན་ཁང་གི་ཚོགས་མི་རྣམས་ཀྱི་ལས་ཡུན་མ་རྫོགས་སྔོན་ལ། རྒྱ་གཞུང་གིས་དགོན་པའི་དོ་དམ་ལྷན་ཁང་གི་མགོ་བར་གཞུང་ཞབས་ལས་ཞིག་ཐད་བསྐོ་དང་། དོ་དམ་ལྷན་ཁང་གི་ཚོགས་མི་རྣམས་ཀྱང་དམངས་གཙོའི་ལམ་ལུགས་གང་ཡང་མ་བརྒྱུད་པར། ཐད་ཀར་ས་གནས་རྫོང་དང་ཞང་སྲིད་གཞུང་གིས་བསྐོ་འཇོག་བྱས་ཡོད་འདུག

དེ་སྔའི་རྒྱ་གཞུང་གི་དགོན་པའི་དོ་དམ་ལྷན་ཚོགས་ཀྱི་སྒྲིག་གཞི་ལྟར་ན། དགོན་པའི་དོ་དམ་ལྷན་ཚོགས་ཚོགས་མིའི་ལས་ཡུན་ནི་ལོ་ལྔ་ཡིན་པ་རེད། ཡིན་ནའང་། རྒྱ་གཞུང་གིས་དགོན་པའི་དོ་དམ་ལྷན་ཚོགས་ཀྱིས་དགོན་པ་དོ་དམ་གྱི་ལས་འགན་མ་འགྲུབ་པར་ཁ་གཡར་ཏེ། རྒྱ་གཞུང་གིས་ཟིལ་དཀར་དགོན་པའི་དོ་དམ་ལྷན་ཚོགས་ཀྱི་ལས་ཡུན་མ་རྫོགས་པར་ཚོགས་མི་ཡོངས་རྫོགས་ལས་དབྱུང་བཏང་ཡོད་པ་རེད། གནས་ཚུལ་དེའི་ཐད་ས་གནས་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང་དད་ལྡན་མི་མང་གིས་མ་འོངས་པར་དགོན་སྡེ་ཁག་གི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བར་འགོག་རྐྱེན་འཕྲད་རྒྱུ་ཡིན་པའི་སེམས་ཁྲལ་བྱེད་ཀྱི་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་འདི་ག་ལྟེ་གནས་ཁང་ལ་བརྗོད་དོན་ལྟར་ན། ཉེ་སྔོན་རྒྱ་གཞུང་གིས་དགོན་ཁག་གི་དོ་དམ་ལྷན་ཁང་གི་སྒྲིག་གཞིར་གསར་ཏུ་འགྱུར་བ་བཏང་སྟེ། དགོན་པའི་དོ་དམ་ལྷན་ཁང་གི་མགོ་བ་དེ་ཐད་ཀར་སྲིད་གཞུང་གི་འབྲེལ་ཡོད་ལས་བྱེད་ཅིག་བསྐོ་འཇོག་དགོས་པ་དང་། དེ་འཕྲོས་ཀྱི་དོན་དམ་ལྷན་ཁང་གི་ཚོགས་མི་རྣམས་ས་གནས་སྡེ་བ་སོ་སོའི་སྡེ་དཔོན་གྱིས་འོས་འདེམས་དགོས་པ་བཟོས་ཡོད་ཀྱང་། དོན་དངོས་ལག་བསྟར་སྐབས་སྡེ་བ་སོ་སོའི་སྡེ་དཔོན་ཚོར་དགོན་པའི་དོ་དམ་ལྷན་ཁང་གི་ཚོགས་མི་མིང་འདོན་གྱི་དབང་ཆ་གང་ཡང་མ་སྤྲད་པར། ཐད་ཀར་རྫོང་དང་ཞང་སྲིད་གཞུང་གི་དཔོན་རིགས་ཚོས་བསྐོ་བཞག་བྱས་འདུག

གསར་དུ་བཟོས་པའི་དགོན་པ་དོ་དམ་སྒྲིག་གཞི་དེའི་ནང་། ས་གནས་རྒྱ་གཞུང་དང་དམར་ཤོག་སྒྲིག་འཛུགས་ཀྱི་དཔོན་རིགས་དང་ལས་བྱེད་ཚོར། དགོན་པའི་དུས་རྒྱུན་གྱི་འཛིན་སྐྱོང་དང་ཆོས་ལུགས་བྱེད་སྤྱོད་མཐའ་དག་ལ་ཐད་ཀར་སྟངས་འཛིན་བཀག་སྡོམ་གྱི་དབང་ཆ་སྤྲད་ཡོད། དེའི་དམིགས་ཡུལ་ནི་རྒྱ་གཞུང་གིས་ནམ་རྒྱུན་དྲིལ་བསྒྲགས་བྱེད་ཀྱིན་པའི་དམར་ཤོག་ཚོགས་པའི་ཆོས་ལུགས་སྲིད་ཇུས་ཏེ། ༼ དགོན་པ་བརྟན་ལྷིང་། འཆམ་མཐུན་དགོན་པ་འཛུགས་སྐྲུན། ཁྲིམས་སྒྲིག་སྲུང་མཁན་གྱི་སྔོན་ཐོན་དགོན་སྡེ་དང་གྲྭ་བཙུན་སྐྱེད་བསྲིང་།༽ཟེར་བ་སོགས། དགོན་སྡེ་ཁག་ལ་དམ་དྲག་སྟངས་འཛིན་གྱི་སྲིད་ཇུས་ལག་བསྟར་ཡོང་ཐབས་ཡིན་པ་རེད།

༢༠༡༢ ལོ་མགོར་རྒྱ་གཞུང་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤེལ་བའི་གནས་ཚུལ་ནང་། ༢༠༡༡ ཟླ་ ༡༡ བར་དུ། རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེ་ཁག་ ༡༧༨༧ ནང་དགོན་པ་དོ་དམ་ལྷན་ཁང་བཙུགས་ཡོད་པ་རེད། བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་ཁང་གི་ཆོས་ལུགས་ལས་དོན་སྡེ་ཁག་གི་མགོ་ཁྲིད་ནོར་བུ་དོན་འགྲུབ་ཀྱིས། དེ་ནི་༼དགོན་པའི་དོ་དམ་ལྷན་ཁང་བརྒྱུད་ནས་དགོན་པ་འཆམ་མཐུན་དང་བརྟན་ལྷིང་ཡོང་བར་སྔར་བའི་ཤུགས་ཆེ་རུ་གཏོང་ཆེད་ཡིན།༽ཅེས་བརྗོད་ཡོད།
༢༠༡༢ ལོའི་ལོ་མཇུག་ཙམ་ལ་རྒྱ་གཞུང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལྷན་ཚོགས་གྱིས་སྒྲིག་གཞི་ཞིག་གཏན་འབེབས་ཐོག རྒྱ་ནག་སྲིད་གཞུང་དང་དམར་ཤོག་སྡེ་ཁག་གིས་བོད་བརྒྱུད་ནང་བསྟན་དགོན་སྡེ་ཁག་གི་རིམ་པ་སོ་སོར་སྟངས་འཛིན་དགོས་པ་བཀོད་ཡོད། ༢༠༡༣ ཟླ་ ༣ ནང་བོད་རང་སྐྱོང་ལྗོངས་ཀྱིས་ཆོས་ལུགས་དོ་དམ་སྲིད་ཇུས་གསར་བ་དེ་དག་སྤྱད་དེ། བོད་རང་སྐྱོང་ལྗོངས་ཁོངས་ཀྱི་ཆོས་སྡེ་ཁག་ནང་བྱུང་བཞིན་པའི་གྲྭ་བཙུན་ཚོའི་དགོས་འདུན་རྣམས་ལ་མཐའ་གཅིག་ཏུ་བཀག་སྡོམ་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་ཡོད།

རྒྱ་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ནང་། བོད་རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་ལྷན་ཁང་དང་འཐབ་ཕྱོགས་གཅིག་གྱུར་ཁང་གི་དཔོན་རིགས་ཀྱིས། དམ་དྲག་སྲིད་ཇུས་གསར་བ་དེ་དག་གི་དམིགས་ཡུལ་ནི། ༼གྲྭ་བཙུན་ཚོར་ཏང་དང་རྒྱལ་ཁབ་དགའ་ཞེན་དང་། ཁ་བྲལ་ལ་ངོ་རྒོལ་གྱི་འདུ་ཤེས་སྐྱེད་སྲིང་བྱེད་ཆེད་ཡིན༽སྐོར་བརྗོད་ཡོད་པ་ལྟར། དེ་ནི་དགོན་སྡེ་ཁག་ནང་བཀག་སྡོམ་གྱི་ཆབ་སྲིད་སློབ་གསོ་ལས་འགུལ་ཞིག་ཡིན་པ་རེད། ད་ལྟའི་ཆར་གྲྭ་བཙུན་ཚོར་བཀག་སྡོམ་ཞིབ་བཤེར་གྱི་དམ་དྲག་སྲིད་ཇུས་སྤེལ་ཤུགས་ཆེ་རུ་བཏང་སྟེ། དགོན་པའི་དུས་རྒྱུན་གྱི་འཛིན་སྐྱོང་དང་ཆོས་ལུགས་བྱེད་སྒོ་མཐའ་དག་རྒྱ་ནག་དམར་ཤོག་པས་ཐད་ཀར་སྟངས་བྱས་ཐོག དགོན་པའི་ནང་ཆོས་སློབ་གཉེར་དང་ཉམས་ལེན། མང་ཚོགས་ཀྱི་ཆོས་དད་རང་དབང་བཅས་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད།