15/07/2020

ཞི་རྒོལ་སྟོབས་ཤུགས་ཀྱིས་རི་རབ་ལྷུན་པོ་ཡིན་ཡང་བསྒུལ་ནུས། བོད་དོན་ལས་འགུལ་བ་བསྟན་འཛིན་སྒྲོལ་མ།

  •   
  •  
  •  
  •  
  •  
  •  
  •  

“ངས་ཞི་རྒོལ་བྱེད་དོན་སྤྱི་མང་ཡོངས་སུ་རྫོགས་པ་འདུ་མཛོམས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ན། ང་ཚོས་རི་རབ་ལྷུན་པོ་ཡིན་ཡང་བསྒུལ་ཐུབ་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད།”

བསྟན་འཛིན་སྒྲོལ་མ་ཕྱི་ལོ་༢༠༠༨ ལོར་པེ་ཅིན་ཨོ་རྩལ་འགྲན་ཚོགས་འཚོགས་དུས་འཛམ་གླིང་ཡུལ་གྲུ་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཕྲག་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱི་ཞི་རྒོལ་ལས་འགུལ་ནང་ཞུགས་ནས། མོས་ཞི་རྒོལ་ལས་འགུལ་གྱི་སྟོབས་ཤུགས་དངོས་དེ་ཤེས་རྟོགས་བྱུང་བ་དང་། སྐབས་དེར་ཁོ་མོ་རང་ལོ་༡༣ ཡིན་པ་རེད།

བསྟན་འཛིན་སྒྲོལ་མས་བཤད་རྒྱུར། “ངས་ཞི་རྒོལ་བྱེད་དོན་བོད་རང་དབང་ནི་འཐོབ་སྲིད་པས་ཡིན།” ཁོ་མོ་ཕྱིའི་རྒྱལ་ཁབ་ཀྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཞོན་ཟུར་བ་དང་ཚོགས་མི་ཡིན་པ་རེད།

“ངེད་རང་གི་དྲན་སྣང་ཞིག་ལ། བོད་ནང་ལོགས་ཀྱི་དྲང་བདེན་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་ངས་རང་རིགས་ཕོ་མོ་རྣམས་དང་དཔུང་གདང་བསྒྲིལ་ནས་ཞི་བའི་གོམ་བགྲོད་ལ་ཕྱིན་པ་ཡིན།

“འཛམ་གླིང་ཤར་ནུབ་ཀྱི་སྤྱི་ཚོགས་ཁག་ནང་དགོས་མེད་ཀྱི་འཚེ་བ་དང་གཉའ་གནོན་གྱི་དཀའ་རྙོག་འབྱུང་མུས་ཡིན་པ་ལྟར། ནམ་རྒྱུན་དང་མི་འདྲ་བར་ད་ལྟ་ང་ཚོས་ངེས་པར་དུ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཞི་རྒོལ་གནང་དགོས་ཆགས་ཡོད། རྒྱུ་མཚན། འདི་ནི་ང་ཚོའི་སྔོན་རབས་པ་དང་རྗེས་རབས་པའི་ཀུན་སྤྱོད་ཀྱི་འགན་འཁྲི་ཡིན་པར་མ་ཟད། འཛམ་གླིང་སྒང་འདིའི་མི་སེར་ཞིག་ཡིན་པའི་ཆ་ནས་ང་ཚོའི་འགན་འཁྲི་ཡང་ཡིན་པ་རེད།”

བསྟན་འཛིན་སྒྲོལ་མ་ཐེངས་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་ཀྱིས། རྒྱ་ནག་དམར་ཤོག་གཞུང་ལ་འབོད་སྐུལ་གནང་དོན།

༡༽ ཞི་བའི་འདུ་འཛོམ་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་རྩ་འཛིན་དང་འགལ་བའི་རྒྱ་གཞུང་གི་ལག་བསྟར་སྲིད་ཇུས་ཁག་མྱུར་དུ་མཚམས་འཇོག་དགོས།

༢༽ ཞི་རྒོལ་བར་བཙན་དབང་གིས་དྲག་གནོན་དང་བཀག་བསྐྱིལ་བྱེད་ཐབས་ཀྱི་སྲིད་ཇུས་མེད་པར་བཟོ་དགོས།

༣༽ ཞི་རྒོལ་བ་གང་བྱུང་བཀག་ཉར་དང་མནར་གཅོད་གཏོང་མཁན་སྲིད་གཞུང་གི་དཔོན་རིགས་ཚོར་ཉེས་ཆད་འགེལ་དགོས།

༤༽ བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་དང་། སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་གཉིས་ལ་ལག་བསྟར་ཆོག་མཆན་འགོད་དགོས།

༥༽ ཞི་བའི་འདུ་འཛོམ་དང་ཚོགས་འཛུགས་རང་དབང་གི་ཐོབ་ཐང་ཐད་ཀྱི་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་གདད་ཞུ་ཞུས་ནས། ད་ལྟའི་བོད་ནང་གི་ཞི་བའི་འདུ་འཛོམ་རང་དབང་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་རྒྱུས་ལོན་བྱེད་དུ་འཇུག་དགོས།

ཕྱི་ཟླ་༥ ཚེས་༣ ཉིན་ནས་འདི་ག་ལྟེ་གནས་ཁང་གིས་ཞི་རྒོལ་ཐོབ་ཐང་གི་ལས་འགུལ་འགོ་བཙུགས་ཏེ། བོད་མིའི་ཞི་རྒོལ་སྙིང་སྟོབས་དང་སེམས་ཤུགས་བཅས་མཚོན་པའི་བྱུང་རིམ་ལོ་རྒྱུས་འགྲེམ་སྤེལ་གྱིས། ད་ཆར་རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་གི་གོ་སྐབས་བེད་སྤྱད་ནས། བོད་ནང་དུ་ཞི་བའི་ཐོག་ནས་འདོད་མོས་མེད་པའི་རྣམ་འགྱུར་ཇི་འདྲ་ཞིག་བསྟན་ནའང་། དེ་ལ་ཚབས་ཆེའི་དྲག་གནོན་དང་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་སྦེད་ཐབས་ཀྱི་སྒྲིབ་གཡོག་བཤུས་ཏེ། བོད་མིའི་སྨྲ་བརྗོད་རང་དབང་གསལ་འདོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

འདི་ལོའི་ཕྱི་ཟླ་༡༢ ཚེས་༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་བར་དུ། ཐེངས་འདིའི་ལས་འགུལ་བརྒྱུད་བོད་དོན་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་མི་སྣ་༣༠ ཡི་རེ་འདུན་དང་བློ་སྤོབས། ཞི་རྒོལ་བཅས་ཀྱི་གནས་ཚུལ་རིམ་པར་སྤེལ་འཆར་ཡོད།