24/11/2020

ཞི་རྒོལ་ལས་འགུལ་རྒྱུན་འཁྱོངས་བྱེད། བོད་དོན་ལས་འགུལ་བ་ཀུན་དགའ་རྡོ་རྗེ།

  •   
  •  
  •  
  •  
  •  
  •  
  •  

གཟའ་འཁོར་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཀུན་དགའ་རྡོ་རྗེ་ནི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་ཞིག་རེད། དེ་སྔོན་ཁོང་གིས་ས་གནས་གཞོན་ལྷན་གྱི་ཚོགས་མི་དང་། རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་བོད་མིའི་གཞིས་སྒར་བདེ་སྐྱིད་གླིང་གི་ས་གནས་གྲོས་ཚོགས་འཐུས་མི་བཅས་ཀྱི་ཕྱག་ལས་གནང་མྱོང་། བོད་དོན་ལས་འགུལ་བ་ཞིག་གི་ངོས་ནས། གནས་ཡུལ་རྒྱ་གར་ནང་བོད་མིའི་ཞི་རྒོལ་ལས་འགུལ་ནམ་སྤེལ་ལ་ཁོང་ནམ་རྒྱུན་ཞི་རྒོལ་གྱི་མདུན་གྲས་སུ་སྐྱོད་མཁན་ཞིག་རེད།

སྲིད་དབང་གཅིག་སྡུད་སྒེར་གཅོད་ཀྱི་སྟོབས་ཆེན་རྒྱལ་ཁབ་རྒྱ་གཞུང་ལྟ་བུར་གདོང་ལེན་གནང་སྐབས། མི་མང་གིས་ཁོང་ལ་ཞི་རྒོལ་ལས་འགུལ་གྱིས་དངོས་འཕྲད་དཀའ་ཁག་སེལ་ཐུབ་མིན་དོགས་འདྲི་གནང་སྐབས། ཁོང་གིས། “ངས་ནམ་རྒྱུན་མི་མང་ལ། ཞི་རྒོལ་ལས་འགུལ་གྱིས་ང་ཚོའི་དངོས་འཕྲད་དཀའ་ཁག་སེམ་ཐུབ་པ་རེད། ཞི་རྒོལ་ལས་འགུལ་བརྒྱུད་ནས། ང་ཚོས་གཞི་རིམ་མང་ཚོགས་ཙམ་མ་ཡིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་ཐུབ་པ་རེད། གལ་འགངས་ཆེ་ཤོས་དེ་ཚང་མ་ཞི་རྒོལ་ལས་འགུལ་ནང་མཉམ་གྱིས་ཕན་ཚུན་ཕྱར་བ་གྲུ་འདེགས་ནུས་པ་མཉམ་སྤུང་གནང་བ་ཡིན་ན། ང་ཚོས་བོད་དོན་ལས་འགུལ་རྒྱུན་འཁྱོངས་ཐུབ་པ་རེད་ཅེས་བཤད་ཀྱི་ཡོད།” ཅེས་བརྗོད།

“ཞི་རྒོལ་ལས་འགུལ་ནང་མཉམ་ཞུགས་ཀྱིས། ང་ཚོས་བོད་དོན་ལས་འགུལ་འདི་བཞིན་སོ་སོའི་བུ་རབས་ཚ་རྒྱུད་ལ་རྒྱུན་སྐྱོང་ཐུབ་པ་དང་། དེ་ལ་བརྟེན་ནས་བུ་རབས་ཚ་རྒྱུད་ཀྱིས་ཀྱང་བོད་དོན་ལས་འགུལ་གྱི་དགོས་པ་རྒྱུ་མཚན་རྟོགས་ཡོང་གི་རེད།”

ཀུན་དགའ་རྡོ་རྗེ་ཐེངས་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་ཀྱིས་རྒྱ་གཞུང་ལ་འབོད་སྐུལ་གནང་དོན།

༡༽ ཞི་བའི་འདུ་འཛོམ་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་རྩ་འཛིན་དང་འགལ་བའི་རྒྱ་གཞུང་གི་ལག་བསྟར་སྲིད་ཇུས་ཁག་མྱུར་དུ་མཚམས་འཇོག་དགོས།
༢༽ ཞི་རྒོལ་བར་བཙན་དབང་གིས་དྲག་གནོན་དང་བཀག་བསྐྱིལ་བྱེད་ཐབས་ཀྱི་སྲིད་ཇུས་མེད་པར་བཟོ་དགོས།
༣༽ ཞི་རྒོལ་བ་གང་བྱུང་བཀག་ཉར་དང་མནར་གཅོད་གཏོང་མཁན་སྲིད་གཞུང་གི་དཔོན་རིགས་ཚོར་ཉེས་ཆད་འགེལ་དགོས།
༤༽ བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་དང་། སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་གཉིས་ལ་ལག་བསྟར་ཆོག་མཆན་འགོད་དགོས།
༥༽ ཞི་བའི་འདུ་འཛོམ་དང་ཚོགས་འཛུགས་རང་དབང་གི་ཐོབ་ཐང་ཐད་ཀྱི་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་གདད་ཞུ་ཞུས་ནས། ད་ལྟའི་བོད་ནང་གི་ཞི་བའི་འདུ་འཛོམ་རང་དབང་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་རྒྱུས་ལོན་བྱེད་དུ་འཇུག་དགོས།
ཕྱི་ཟླ་༥ ཚེས་༣ ཉིན་ནས་འདི་ག་ལྟེ་གནས་ཁང་གིས་ཞི་རྒོལ་ཐོབ་ཐང་གི་ལས་འགུལ་འགོ་བཙུགས་ཏེ། བོད་མིའི་ཞི་རྒོལ་སྙིང་སྟོབས་དང་སེམས་ཤུགས་བཅས་མཚོན་པའི་བྱུང་རིམ་ལོ་རྒྱུས་འགྲེམ་སྤེལ་གྱིས། ད་ཆར་རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་གི་གོ་སྐབས་བེད་སྤྱད་ནས། བོད་ནང་དུ་ཞི་བའི་ཐོག་ནས་འདོད་མོས་མེད་པའི་རྣམ་འགྱུར་ཇི་འདྲ་ཞིག་བསྟན་ནའང་། དེ་ལ་ཚབས་ཆེའི་དྲག་གནོན་དང་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་སྦེད་ཐབས་ཀྱི་སྒྲིབ་གཡོག་བཤུས་ཏེ། བོད་མིའི་སྨྲ་བརྗོད་རང་དབང་གསལ་འདོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
འདི་ལོའི་ཕྱི་ཟླ་༡༢ ཚེས་༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་བར་དུ། ཐེངས་འདིའི་ལས་འགུལ་བརྒྱུད་བོད་དོན་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་མི་སྣ་༣༠ ཡི་རེ་འདུན་དང་བློ་སྤོབས། ཞི་རྒོལ་བཅས་ཀྱི་གནས་ཚུལ་རིམ་པར་སྤེལ་འཆར་ཡོད།

Select Language