20/10/2020

ཞི་རྒོལ་ལ་བརྟེན་ནས་སོ་སོའི་ཆེ་མཐོང་དང་ངོ་བོ་འགན་སྲུང་བྱེད། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཀྲུའུ་ཧྥིང་སུའུ།

  •   
  •  
  •  
  •  
  •  
  •  
  •  

“ང་ཚོས་ཞི་རྒོལ་བྱེད་དོན་རྒྱ་ནག་ལ་ལེགས་བཅོས་གཏོང་རྒྱུ་དེ་ཡིན། ང་ཚོས་ཞི་རྒོལ་བྱེད་དོན་སྲིད་གཞུང་གི་གདུག་རྩུབ་གྱི་བསམ་སྦྱོར་ཐེར་འདོན་བྱེད་རྒྱུ་དེ་ཡིན། ང་ཚོས་ཞི་རྒོལ་བྱེད་དོན་འགྲོ་བ་མིའི་རིན་ཐང་གི་ཆེད་དུ་དུས་ད་ལྟ་ད་དུང་ཡང་ང་ཚོ་ནང་བཞིན་གཅེས་སྲོག་བློས་གཏོང་བཞིན་པ་རྣམས་འཛམ་གླིང་མི་མང་ལ་ཤེས་སུ་འཇུག་རྒྱུ་དེ་ཡིན། ང་ཚོས་ཞི་རྒོལ་བྱེད་དོན་ང་ཚོར་སྤྱི་ཚོགས་ལེགས་པོ་ཞིག་བསྐྲུན་པའི་རེ་བ་ཡོད་པས་ཡིན། ང་ཚོས་ཞི་རྒོལ་གནང་རྒྱུ་གལ་འགངས་ཆེན་པོ་ཡིན་དོན་ཡང་། ཞི་རྒོལ་ལ་བརྟེན་ནས་ང་ཚོས་སོ་སོའི་འགྲོ་བ་མིའི་ཆེ་མཐོང་དང་མི་རིགས་ཀྱི་ངོ་བོ་འགན་སྲུང་བྱེད་དགོས་པས་ཡིན།”

གཟའ་འཁོར་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་སྐུ་ཞབས་ཀྲུའུ་ཧྥིང་སུའུ་ནི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་ཞིག་རེད། ཁོང་ནི་ཕྱི་ལོ་༡༩༨༩ ལོར་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་བྱུང་བའི་ཞི་རྒོལ་ལས་འགུལ་གྱི་སྣེ་ཁྲིད་མཁན་སློབ་མའི་གྲས་ཀྱི་གཅིག་ཡིན་པ་དང་། དྲུག་བཞིའི་དོན་རྐྱེན་ལ་བརྟེན་ནས་ཁོང་ལ་ཁྲིམས་ཞིབ་དང་ཁྲིམས་ཆད་ཡང་གང་མེད་པར་དུས་ཡུན་མི་ལོ་གཅིག་ལྷག་རིང་བཙོན་འཇུག་ཐེབས་པ་རེད། ད་ཆར་ཁོང་ཨ་རིའི་ནང་སྐྱབས་བཅོལ་དུ་སྡོད་ཅིང་། ཡུལ་དེའི་ཁཱ་ལེ་ཧྥོར་ནེ་ཡར་རྟེན་གཞི་བྱས་པའི་རྒྱ་ནག་གི་འགྲོ་བ་མིའི་བདེ་རྩ་ཚོགས་པར་ཕྱག་ལས་གནང་མུས་རེད།

སྐུ་ཞབས་ཀྲུའུ་ཧྥིང་སུའུ་རྒྱ་ནག་ནང་བྱུང་བའི་རང་དབང་དང་མང་གཙོའི་ལས་འགུལ་ནང་མཉམ་ཞུགས་གནང་སྐབས། ཁོང་སློབ་ཆེན་སློབ་མ་ཞིག་ཡིན་པ་རེད།

“ང་རང་རྒྱ་རིགས་ས་ཡ་མང་པོ་འདུ་འཛོམས་ནང་མཉམ་ཞུགས་ཀྱིས་མི་མང་གི་ཆེད་དུ་རང་དབང་དང་མང་གཙོའི་ལམ་ནས་རྒྱ་ནག་ལ་ལེགས་བཅོས་གཏོང་དགོས་པའི་རེ་འབོད་ཞུས་ཡིན། དེ་ནི་ཧ་ཅང་སེམས་འགུལ་ཐེབས་པ་ཞིག་རེད། ཚང་མ་མཉམ་རུབ་ཀྱི་སྒོ་ནས་ང་ཚོས་རང་སེམས་ཀྱི་རང་དབང་ལ་རེ་འབོད་བྱས་པ་ཡིན། སྐབས་དེའི་ཞི་རྒོལ་ལ་གདུག་རྩུབ་ཀྱི་དྲག་གནོན་ཐེབས་ཀྱང་། ང་ཚོས་རྒྱ་ཆེའི་མི་མང་དང་མཉམ་དུ་བརྩོད་ལེན་གནང་བའི་ཕུགས་འདུན་དེས། དུས་དེ་རིང་གི་ཉིན་མོ་འདིར་ད་དུང་ཡང་བདག་གི་ཀུན་སློང་དང་ཡིད་སེམས་ཅིག་ཅར་དུ་དྲངས་ནས་ཡོད། རྒྱུ་མཚན་སྐབས་དེའི་ཞི་རྒོལ་ལ་བརྟེན་ནས། ང་ཚོས་རང་ཉིད་འདྲ་བའི་མི་མང་གིས་ཀྱང་ང་ཚོའི་ཕུགས་འདུན་གཅིག་མཚུངས་ཤིག་བརྩོད་ལེན་གནང་བཞིན་པ་ཤེས་རྟོགས་དང་། ཕུགས་འདུན་དེ་ནི་སྲིད་གཞུང་གི་དྲག་གནོན་ཞིབ་བཤེར་དང་གདུག་རྩུབ་དམར་གསོད་ཀྱིས་དུས་ནམ་ཡང་གཞོམ་དུ་མེད་པའི་ངེས་ཤེས་བསྐྱེད་སོང།”

སྐུ་ཞབས་ཀྲུའུ་ཧྥིང་སུའུ་ཐེངས་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་ཀྱིས་རྒྱ་གཞུང་ལ་འབོད་སྐུལ་གནང་དོན།

༡༽ ཞི་བའི་འདུ་འཛོམ་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་རྩ་འཛིན་དང་འགལ་བའི་རྒྱ་གཞུང་གི་ལག་བསྟར་སྲིད་ཇུས་ཁག་མྱུར་དུ་མཚམས་འཇོག་དགོས།

༢༽ ཞི་རྒོལ་བར་བཙན་དབང་གིས་དྲག་གནོན་དང་བཀག་བསྐྱིལ་བྱེད་ཐབས་ཀྱི་སྲིད་ཇུས་མེད་པར་བཟོ་དགོས།

༣༽ ཞི་རྒོལ་བ་གང་བྱུང་བཀག་ཉར་དང་མནར་གཅོད་གཏོང་མཁན་སྲིད་གཞུང་གི་དཔོན་རིགས་ཚོར་ཉེས་ཆད་འགེལ་དགོས།

༤༽ བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་དང་། སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་གཉིས་ལ་ལག་བསྟར་ཆོག་མཆན་འགོད་དགོས།

༥༽ ཞི་བའི་འདུ་འཛོམ་དང་ཚོགས་འཛུགས་རང་དབང་གི་ཐོབ་ཐང་ཐད་ཀྱི་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་གདད་ཞུ་ཞུས་ནས། ད་ལྟའི་བོད་ནང་གི་ཞི་བའི་འདུ་འཛོམ་རང་དབང་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་རྒྱུས་ལོན་བྱེད་དུ་འཇུག་དགོས།

ཕྱི་ཟླ་༥ ཚེས་༣ ཉིན་ནས་འདི་ག་ལྟེ་གནས་ཁང་གིས་ཞི་རྒོལ་ཐོབ་ཐང་གི་ལས་འགུལ་འགོ་བཙུགས་ཏེ། བོད་མིའི་ཞི་རྒོལ་སྙིང་སྟོབས་དང་སེམས་ཤུགས་བཅས་མཚོན་པའི་བྱུང་རིམ་ལོ་རྒྱུས་འགྲེམ་སྤེལ་གྱིས། ད་ཆར་རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་གི་གོ་སྐབས་བེད་སྤྱད་ནས། བོད་ནང་དུ་ཞི་བའི་ཐོག་ནས་འདོད་མོས་མེད་པའི་རྣམ་འགྱུར་ཇི་འདྲ་ཞིག་བསྟན་ནའང་། དེ་ལ་ཚབས་ཆེའི་དྲག་གནོན་དང་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་སྦེད་ཐབས་ཀྱི་སྒྲིབ་གཡོག་བཤུས་ཏེ། བོད་མིའི་སྨྲ་བརྗོད་རང་དབང་གསལ་འདོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

འདི་ལོའི་ཕྱི་ཟླ་༡༢ ཚེས་༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་བར་དུ། ཐེངས་འདིའི་ལས་འགུལ་བརྒྱུད་བོད་དོན་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་མི་སྣ་༣༠ ཡི་རེ་འདུན་དང་བློ་སྤོབས། ཞི་རྒོལ་བཅས་ཀྱི་གནས་ཚུལ་རིམ་པར་སྤེལ་འཆར་ཡོད།