30/10/2020

ཞི་རྒོལ་ཐོབ་ཐང་གི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་དོན་ལས་འགུལ་བ་བསྟན་པ་དར་རྒྱས།

  •   
  •  
  •  
  •  
  •  
  •  
  •  

གཟའ་འཁོར་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བསྟན་པ་དར་རྒྱས་ནི་དུས་ཡུན་རིང་བོར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་པ་དང་། ཁོང་འཕགས་ཡུལ་ལ་བྲོས་བྱོལ་དུ་མ་ཕེབས་སྔོན་ལ་རྒྱ་གཞུང་གི་བཙོན་འོག་ནས་མི་ལོ་༥ ལྷག་རིང་སྡོད་དགོས་བྱུང་ཡོད།

བཙོན་འོག་གི་དཀའ་སྡུག་མྱོང་བ་དངོས་བརྒྱུད་ནས་ཁོང་གིས་སྔར་ལས་ལྷག་པར་སེམས་ཐག་གཙང་བཅད་ཀྱིས་བོད་དོན་ལས་འགུལ་རྒྱུན་འཁྱོངས་གནང་མུས་ཡིན་པ་དང་། ད་ཆར་ཁོང་ཨོ་གླིང་རྒྱལ་ཁབ་ཀྱི་བྷ་རེ་སི་བྷན་གྲོང་ཁྱེར་དུ་སྡོད་ཅིང་། རྒྱ་ནད་ཀྱི་དཀའ་ཉེན་ཆེ་བའི་སྐབས་འདིར་ཁོང་གིས་མུ་མཐུད་དུ་ཞི་བའི་ཐོག་ནས་རྒྱ་རྒོལ་ལས་འགུལ་སྤེལ་མུས་ཡིན་པ་རེད།

“ད་སྐབས་འཛམ་གླིང་སྒང་གི་རྒྱལ་ཁབ་དང་སྲིད་གཞུང་མང་པོ་ཞིག་གིས་རྒྱ་ནག་དམར་ཤོག་སྲིད་གཞུང་ཐོག་འཛིན་པའི་ལྟ་སྤྱོད་ལ་འགྱུར་བ་གཏོང་གི་ཡོད་ཅིང་། གནས་སྟངས་འདིའི་འོག་ནས། ང་ཚོ་བོད་མི་ཚོས་ཀྱང་ངེས་པར་དུ་བོད་རྒྱ་ཁོངས་མིན་པར་བྱུང་རབས་ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་རྒྱལ་ཁབ་ཡིན་པའི་དངོས་དོན་གསལ་བཤད་ཀྱི་གོ་སྐབས་དམ་འཛིན་གནང་དགོས་ཆགས་ཡོད་ལ། དོན་དངོས་འདི་རྒྱལ་སྤྱིའི་སྤྱི་ཚོགས་ལ་གསལ་སྟོན་གནང་རྒྱུ་ཧ་ཅང་གལ་འགངས་ཆེ་བའི་རྒྱུ་མཚན་ཡང་དེ་ཡིན་པ་རེད།”

བོད་ཀྱི་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ཐེངས་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་ཀྱིས་རྒྱ་གཞུང་ལ་འབོད་སྐུལ་གནང་དོན།

 

༡༽ ཞི་བའི་འདུ་འཛོམ་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་རྩ་འཛིན་དང་འགལ་བའི་རྒྱ་གཞུང་གི་ལག་བསྟར་སྲིད་ཇུས་ཁག་མྱུར་དུ་མཚམས་འཇོག་དགོས།

༢༽ ཞི་རྒོལ་བར་བཙན་དབང་གིས་དྲག་གནོན་དང་བཀག་བསྐྱིལ་བྱེད་ཐབས་ཀྱི་སྲིད་ཇུས་མེད་པར་བཟོ་དགོས།

༣༽ ཞི་རྒོལ་བ་གང་བྱུང་བཀག་ཉར་དང་མནར་གཅོད་གཏོང་མཁན་སྲིད་གཞུང་གི་དཔོན་རིགས་ཚོར་ཉེས་ཆད་འགེལ་དགོས།

༤༽ བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་དང་། སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་གཉིས་ལ་ལག་བསྟར་ཆོག་མཆན་འགོད་དགོས།

༥༽ ཞི་བའི་འདུ་འཛོམ་དང་ཚོགས་འཛུགས་རང་དབང་གི་ཐོབ་ཐང་ཐད་ཀྱི་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་གདད་ཞུ་ཞུས་ནས། ད་ལྟའི་བོད་ནང་གི་ཞི་བའི་འདུ་འཛོམ་རང་དབང་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་རྒྱུས་ལོན་བྱེད་དུ་འཇུག་དགོས།

ཕྱི་ཟླ་༥ ཚེས་༣ ཉིན་ནས་འདི་ག་ལྟེ་གནས་ཁང་གིས་ཞི་རྒོལ་ཐོབ་ཐང་གི་ལས་འགུལ་འགོ་བཙུགས་ཏེ། བོད་མིའི་ཞི་རྒོལ་སྙིང་སྟོབས་དང་སེམས་ཤུགས་བཅས་མཚོན་པའི་བྱུང་རིམ་ལོ་རྒྱུས་འགྲེམ་སྤེལ་གྱིས། ད་ཆར་རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་གི་གོ་སྐབས་བེད་སྤྱད་ནས། བོད་ནང་དུ་ཞི་བའི་ཐོག་ནས་འདོད་མོས་མེད་པའི་རྣམ་འགྱུར་ཇི་འདྲ་ཞིག་བསྟན་ནའང་། དེ་ལ་ཚབས་ཆེའི་དྲག་གནོན་དང་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་སྦེད་ཐབས་ཀྱི་སྒྲིབ་གཡོག་བཤུས་ཏེ། བོད་མིའི་སྨྲ་བརྗོད་རང་དབང་གསལ་འདོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

འདི་ལོའི་ཕྱི་ཟླ་༡༢ ཚེས་༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་བར་དུ། ཐེངས་འདིའི་ལས་འགུལ་བརྒྱུད་བོད་དོན་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་མི་སྣ་༣༠ ཡི་རེ་འདུན་དང་བློ་སྤོབས། ཞི་རྒོལ་བཅས་ཀྱི་གནས་ཚུལ་རིམ་པར་སྤེལ་འཆར་ཡོད།