22/01/2020

ཞི་ཅིན་ཕིན་གྱིས་སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོང་དགོས་ལུགས་བཤད་ཀྱང་རྒྱ་གཞུང་གི་ཁོར་ཡུག་ལྟ་ཞིབ་ལས་བོད་ཁུལ་དུ་གསེར་གཏེར་སྔོག་འདོན་གྱི་དུག་རྫས་འགོག་སྡོམ་བྱས་མེད་པ་གསལ་འདུག

  •   
  •  
  •  
  •  
  •  
  •  
  •  
དུག་ཆུ་འདྲེས་པའི་གུར་ཆུ།

འདས་པའི་མི་ལོ་བཅུ་ཕྲག་རིང་སྣོད་བཅུད་ལ་དོ་ཁུར་ཕྲན་ཙམ་མེད་པར་གང་བྱུང་གསེར་གཏེར་སྔོག་འདོན་བྱས་པ་དེས། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དང་རྨ་ཆུ་རྫོང་ཕྱོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སླར་གསོ་ཡོང་ཐབས་མེད་པའི་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་པར་མ་ཟད། ཡུལ་མིའི་འཐུང་ཆུ་རྒྱུགས་ཆུ་ཁག་གི་ནང་དུ་སྐྱུར་ཚྭ་སྔོན་པོ་དང་བ་ཝ། དངུལ་ཆུ་ལ་སོགས་པའི་དུག་རྫས་ཚབས་ཆེན་རིགས་འདྲེས་ཡོད་པ་རེད།

ཕྱི་ཟླ་༨ ཚེས་༢༩ ཉིན་པེ་ཅིན་གསར་འགྱུར་ཟེར་བའི་སྟེང་དུ་གནས་ཚུལ་སྤེལ་བར་གཞིག་ན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་ཟེར་བས། ཕྱི་ཟླ་༧ ཚེས་༢༧ ནས་ཚེས་༢༨ བར་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ལྟ་ཞིབ་བྱས་སྐབས། ཞི་ཅིན་ཕིན་གྱིས་ནམ་ཞར་སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོང་དགོས་རབས་བཤད་ཀྱང་། ས་ཁུལ་དེར་གཞི་རྒྱ་ཆེ་བའི་གསེར་གཏེར་སྔོག་འདོན་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོས་པའི་གནད་དོན་འབུར་ཐོན་ཡིན་པ་དང་། རྒྱ་ནག་གཞུང་འབྲེལ་ཁེ་ལས་སྤྱི་གཉེར་ཁང་དེ་དག་གིས་འདས་པའི་ལོ་ངོ་གཉིས་སྔོན་གྱི་ཁོར་ཡུག་ལེགས་བཅོས་སྐོར་གྱི་གླེང་བྱ་ཁག་གཞིར་བཟུང་ནས་ཁོར་ཡུག་ལེགས་བཅོས་དང་འགན་སྲུང་ཅི་ཡང་བྱས་མེད་པ་ཤེས་རྟོགས་བྱུང་འདུག

ཚན་ཆུང་དེ་ནི་ཀྲུང་དབྱང་ནས་ཆེད་གཏོང་བྱས་པའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚན་པ་ཞིག་ཡིན་པ་དང་། ཚན་ཆུང་དེས་ཧུའུ་ནན་དང་ཧྥུ་ཅན། ཧྲིང་ཧེ། ཁྲོང་ཆིན། མཚོ་སྔོན་དང་ཀན་སུའུ་སོགས་ཞིང་ཆེན་རིམ་པའི་ས་ཁུལ་དྲུག་དང་། རྒྱ་ནག་གཞུང་འབྲེལ་ཁེ་ལས་སྤྱི་གཉེར་ཁང་གཉིས་ལ་ལྟ་ཞིབ་བྱས་ཡོད་པ་དང་། ལས་གཞི་དེ་ནི་རྒྱ་གཞུང་གི་ཁོར་ཡུག་སྲུང་སྐྱོང་སྲིད་ཇུས་ཟེར་བ་ཇེ་དམ་དུ་གཏོང་བ་ཞིག་སྟེ། ཕྱི་ལོ་༢༠༡༦ ལོ་ནས་འགོ་བཙུགས་པ་ཞིག་རེད།

མཐའ་གཞུག་རྨ་ཆུ་རྫོང་དང་བསང་ཆུ་རྫོང་དུ་ལྟ་ཞིབ་སྐབས་སུ། ས་ཁུལ་དེ་གཉིས་ནང་དུ་བསང་ཆུ་རྫོང་པིན་ཧྭ་གཏེར་ལས་འགན་འཁྲི་ཚད་ཡོད་སྤྱི་གཉེར་ཁང་ཟེར་བ་དང་། ཀན་སུའུ་རྨ་ཆུ་རྫོང་གསེར་གྱི་ཁེ་ལས་ཚད་ཡོད་སྤྱི་གཉེར་ཁང་ཟེར་བས་སོགས་ཁེ་ལས་སྤྱི་གཉེར་ཁང་སྣ་ཚོགས་ཤིག་བཙུགས་ཡོད་པ་དང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་གྱི་གཏན་འབེབས་ལྟར་ན། ཁེ་ལས་སྤྱི་གཉེར་ཁང་དེ་དག་གིས་གཏེར་རྫས་ཐོན་སྐྱེད་ཀྱི་སྒྲིག་ལམ་ལག་བསྟར་བྱས་མེད་པ་དང་། གནས་ཚུལ་དེ་གོང་ཞུས་ཕྱི་ཟླ་༨ ཚེས་༢༩ ཉིན་གྱི་པེ་ཅིན་གསར་འགྱུར་ཟེར་བའི་སྟེང་དུ་སྤེལ་འདུག

གསར་འགྱུར་དེའི་ནང་དུ། ཁེ་ལས་སྤྱི་གཉེར་ཁང་དེ་དག་གིས་རྡོ་སྙིགས་ཕོན་ཆེན་གང་སར་སྤུངས་པ་དང་། གཏེར་ཁྲོན་གྱི་སྙིགས་ཆུ་མང་པོ་གང་བྱུང་ཕྱིར་བཏང་སྟེ། ཁོར་ཡུག་འབགས་བཙོག་བཏང་བ། སྐྱེ་ཁམས་ལ་ཚབས་ཆེ་བའི་གནོད་སྐྱོན་གཞན་མང་པོ་བཟོས་ཡོད་པ་གསལ་འདུག དེར་མ་ཟད། གནས་ཚུལ་ནང་ད་དུང་། འགན་ཡོད་ས་གནས་སྲིད་གཞུང་དང་ཁེ་ལས་སྤྱི་གཉེར་ཁང་དེ་དག་གིས། ཁོར་ཡུག་ལེགས་བཅོས་དང་བསྐྱར་གསོའི་འགྲོས་ཧ་ཅང་དལ་བ་དེས། སྐྱེ་ཁམས་ཁོར་ཡུག་ཉམས་རྒུད་ཀྱི་ཉེན་ཁ་འབུར་དུ་ཐོན་ཡིན་པ་གསལ་ཡོད།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་དེས། ཁེ་ལས་སྤྱི་གཉེར་ཁང་དེ་དག་གིས་གཏེར་ལས་ཀྱི་བསྐྱིལ་ཆུ་དང་སྙིགས་ཆུར་དོ་དམ་མ་བྱས་པར། ཁྲིམས་འགལ་གྱིས་གཏེར་ལས་ཀྱི་སྙིགས་ཆུ་ཕྱིར་བཏང་བ་དང་། ཐོན་ཁུངས་ཀྱི་ཡུལ་ངོས་གང་སར་རྡོ་སྙིགས་སྤུངས་བཞག་ཡོད་པ་དེས། སྐྱེ་ཁམས་ཁོར་ཡུག་ལ་ཚབས་ཆེ་བའི་གནོད་སྐྱོན་བཟོས་པ་ཤེས་རྟོགས་བྱུང་ཡོད། ལྟ་ཞིབ་ཚན་ཆུང་དེ་རྨ་ཆུ་རྫོང་དུ་ཡོང་ནས། ས་ཁུལ་དེའི་གསེར་གྱི་ཐོན་ཁུངས་ཆེ་ཤོས་ཏེ། ཀན་སུའུ་རྨ་ཆུ་རྫོང་གསེར་གྱི་ཁེ་ལས་ཚད་ཡོད་སྤྱི་གཉེར་ཁང་ཟེར་བར་ལྟ་ཞིབ་བྱས་སྐབས། ཁེ་ལས་སྤྱི་གཉེར་ཁང་དེས། སྙིགས་རོ་གསོག་འཇོག་བྱེད་སའི་སྒྲིག་ཆས་གཏོར་ཏེ། ཐོན་ཁུངས་སྔོག་འདོན་བྱ་ཡུལ་གྱི་ཕྱོགས་གཉིས་གང་སར་སྨི་ཊིར་༥༠ རིང་ཚད་ཀྱི་གཏེར་རྡོ་སྤུངས་བཞག་ཡོད་པ་དང་། གཏེར་ཁ་སྔོག་སའི་རི་ཞོལ་དུ་ས་རྡོའི་སྙིགས་རོ་གང་སར་གཏོར་བ། ལས་བཟོ་བའི་སྡོད་ཁང་ཉེ་འགྲམ་དུ་རྡོ་སྙིགས་སྤུངས་པའི་མཐོ་ཚད་ལ་སྨི་ཊིར་༡༠ ལྷག་ཟིན་པ། གསེར་གཏེར་སྔོག་ཤུལ་གྱི་ས་དོང་མང་པོའི་ཁ་བསུབས་པར་རང་སོར་གཡུགས་བཞག་པ། གསེར་གཏེར་སྔོག་སའི་རི་འདབས་ཀྱི་ལུང་ཁུག་དང་རྒྱ་ལམ་གྱི་གཡས་གཡོན། གཏེར་ཁྲོན་ནང་འགྲོ་སའི་ཉེ་འཁོར་བཅས་སུ་ས་འོག་ནས་བཏོན་པའི་གཏེར་རྡོ་དང་ཞུན་སྙིགས་ཕོན་ཆེན་པོ་སྤུངས་བཞག་ཡོད་པ་རེད།

འབྲོང་ཁོག་ཏུ་གང་བྱུང་ས་རྐོ་རྡོ་སློག་བྱེད་པ།

ཁེ་ལས་སྤྱི་གཉེར་ཁང་དེ་དག་གིས་གསེར་གཏེར་ཐོན་སྐྱེད་ཀྱི་ཆོག་འཐུས་སྙན་སེང་དང་ད་ལྟའི་དངོས་ཡོད་གནས་སྟངས་གཞིར་བཟུང་གི་སྐུལ་འདེབས་ཁག་གང་ཡང་ལག་བསྟར་ཁྱོན་ནས་བྱས་མེད་པ་ལྟ་ཞིབ་ཚན་ཆུང་དེས་ཤེས་རྟོགས་བྱུང་འདུག་ལ། སྤྱིར་ཁེ་ལས་སྤྱི་གཉེར་ཁང་དེ་དག་གིས་ཐོན་ཁུངས་སྔོག་སྐབས། ངེས་པར་དུ་སྙིགས་རོ་གསོག་འཇོག་བྱེད་སའི་སྒྲིག་ཆས་བསྐྲུན་དགོས་པ་དང་། གཏེར་ཁྲོན་གྱི་སྙིགས་ཆུའི་སྦུ་གུའི་ཁ་གཅོད་དམ་པོར་རྒྱག་དགོས་ཀྱི་ཡོད་པ་རེད། ཕྱི་ལོ་༢༠༡༩ ཟླ་༧ ནང་འཁོར་སྐོར་རྒྱང་ཚོར་གྱིས་དབྱེ་ཞིབ་བྱས་སྐབས། སྒོམ་པེ་༼འབྲོང་ཁོག༽དང་གེ་ཁུ་༼གུར་ཁོག༽གི་གསེར་གཏེར་སྔོག་ཤུལ་གྱི་ས་དོང་མང་པོའི་ཁ་བསུབས་པར་རང་སོར་གཡུགས་བཞག་ཡོད་པ་དང་། དེའི་རྒྱ་ཁྱོན་ཧེཀར་༩༠ ལྷག་དང་། རྡོག་སྙིགས་སྤུངས་པའི་ཚད་གཞི་ཧེཀར་༤༩ ཟིན་པ་གསལ་འདུག

ཆུའི་དྭངས་གཙང་གི་རྣམས་གྲངས་ལས་ཨང་རིམ་གཉིས་པ་འཐུང་ཆུའི་ཐོན་ཁུངས།

གསེར་གྱི་ཐོན་ཁུངས་དང་པོ་དང་གཉིས་པ་ནས་བཞུར་ཡོང་བའི་སྙིགས་ཆུ་དེ། ཕྲ་སྦོམ་ལ་མི་ཊིར་༣༠ ནས་༤༠ ཡོད་པའི་ཨར་འདམ་གྱི་ཆུ་སྦུག་གཉིས་ཀྱི་ནང་དྲངས་ནས་ཐད་ཀར་གུར་ཆུའི་ ༼རྒྱུགས་ཆུ་དེ་ནི་ཆུའི་དྭངས་གཙང་གི་རྣམས་གྲངས་ལས་ཨང་རིམ་གཉིས་པ་དེ། འཐུང་ཆུ་ལེགས་ཤོས་ཀྱི་གྲས་ཡིན།༽ ནང་དུ་བཞུར་བཅུག་ཡོད་པ་དང་། སྙིགས་ཆུ་དེ་གུར་ཆུའི་ནང་བཞུར་ཚད་མི་ཊར་༡༠༠༠ (cm) ལྷག་ཟིན་འདུག དེ་ནི་རྒྱ་གཞུང་གི་ཁོར་ཡུག་ཞིབ་མཆན་ནང་གསལ་གྱི་གཏེར་ལས་ཀྱི་སྙིགས་ཆུ་ཕྱིར་གཏོང་གཏན་འགོག་གི་ཁྲིམས་སྒྲིག་དང་ཡོངས་སུ་འགལ་ཡོད། གུར་ཆུ་བཞུར་ནས་མཐར་རྨ་ཆུའི་ནང་འབབ་ཀྱི་ཡོད་པ་རེད།

རྒྱ་ནག་གཞུང་གི་ཁོར་ཡུག་སྲིད་ཇུས་གཏན་འབེབས་ལྟར་ན། ཆུའི་དྭངས་གཙང་གི་རྣམས་གྲངས་ལས་ཨང་རིམ་གཉིས་པ་དེ་འཐུང་ཆུ་ལེགས་ཤོས་དང་ཨང་རིམ་ལྔ་བ་དེ་འཐུང་ཆུ་བཙོག་ཤོས་ཡིན་རབས་བཤད་དེ། ཆུའི་དྭངས་གཙང་གི་རྣམས་གྲངས་ལས་ཨང་རིམ་གཉིས་པ་དེ་འཐུང་ཆུའི་ཐོན་ཁུངས་སུ་བེད་སྤྱོད་རྒྱུར་གཏན་འབེབས་བྱས་ཀྱང་། ཆིན་ཧྭ་སློབ་ཆེན་གྱི་ཁོར་ཡུག་ཚན་རིག་དང་བཟོ་སྐྲུན་ཚན་པའི་དགེ་རྒན་ཆེན་མོ་ཝང་ཀྲན་ཧྲིང་གིས། ཀྲུང་གོར་ཨང་རིམ་གཉིས་པའི་འཐུང་ཆུ་དང་དེའི་ཐོན་ཁུངས་ཧ་ཅང་དཀོན་པོ་ཡིན་པའི་ཉེན་བརྡ་བཏང་འདུག

ཀན་ལྷོ་ཅིན་ཞིང་ལྕགས་རིགས་ཞུན་སྦྱང་ཚད་ཡོད་སྤྱི་གཉེར་ཁང་ཟེར་བས། སྙིགས་རོའི་གཤེར་རྫས་འགོག་ཐབས་ཀྱི་སྒྲིག་ཆས་མ་བསྐྲུན་པར། གཏེར་རྫས་ཐོན་སྐྱེད་ཀྱི་སྙིགས་རོ་ཕོན་ཆེན་རྒྱ་ལམ་དང་ཐོན་ཁུངས་ཡུལ་ངོས་ཀྱི་ཕྱོགས་གཡས་གཡོན། བཟོ་གྲྭའི་ཐང་སྟོང་གང་སར་སྤུངས་བཞག་ཡོད་པ་དང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་པས་སྐོར་ཞིབ་བྱ་རྒྱུ་ཡིན་པའི་གནས་ཚུལ་ཐོས་འཕྲལ། ཁེ་ལས་སྤྱི་གཉེར་ཁང་དེས་ལམ་སང་ཐོན་སྐྱེད་ཀྱི་སྙིགས་རོ་དེ་དག་སྙིགས་གསོག་སྒྲིག་ཆས་ནང་སྐྱེལ་འདྲེན་བྱས་ཀྱང་། ལྟ་ཞིབ་ཚན་ཆུང་འབྱོར་དུས། ད་དུང་སྙིགས་རོ་ཏུན་༡༥༠༠༠༠ ལྷག་འབོར་མ་ཚར་བར་ལྷག་ཡོད་པ་རེད།

རྨ་ཆུ་རྫོང་གཏེར་རྫས་ཐོན་གཉེར་ཚད་ཡོད་སྤྱི་གཉེར་ཁང་ཟེར་བར་ཡང་གོང་ཞུས་གནད་དོན་གཅིག་མཚུངས་བྱུང་ཡོད་པ་རེད། སྤྱི་གཉེར་ཁང་དེའི་དོ་དམ་པས་ལྟ་ཞིབ་ཚན་པར། ཁོ་ཚོས་དུས་ཡུན་རིང་པོར་གཏེར་རྫས་ཐོན་སྐྱེད་མཚམས་བཞག་པའི་རྐྱེན་གྱིས། སྙིགས་གསོག་སྒྲིག་ཆས་དེ་ཐང་སྟོང་དུ་གཡུགས་པ་དང་། སྙིགས་རོ་དག་ལུང་ཁུག་གང་སར་སྤུངས་བཞག་པ་ཡིན་ལུགས་ཁ་གཡར་ཁག་དཀྲི་བྱས་པར་མ་ཟད། སྤྱི་གཉེར་ཁང་དེས་ཀྱང་གཏེར་ལས་ཀྱི་སྙིགས་ཆུ་དང་སྙིགས་རོ་གསོག་འཇོག་དོ་དམ་ལག་བསྟར་བྱས་མེད་པ་མངོན་གསལ་འབུར་ཐོན་ཡིན་འདུག

ད་ལྟར་འཕྲད་པའི་རྫས་འགྱུར་སྙིགས་རོའི་དཀའ་ཁག

ཐོག་མར་ལྟ་ཞིབ་བྱས་ནས་ལོ་ངོ་གཉིས་ཀྱི་རྗེས་སུ། ཀན་ལྷོ་ཅིན་ཞིང་ལྕགས་རིགས་ཞུན་སྦྱང་ཚད་ཡོད་སྤྱི་གཉེར་ཁང་གིས་བཏོན་པའི་སྙིགས་རོའི་དཀའ་ཁག་སྐོར་གླེང་སློང་བྱས་མེད་པ་རེད། དུས་ཡུན་རིང་བོར་གཏེར་རྫས་སྔོག་ཤུལ་གྱི་ས་དོང་གི་ཁ་བསུབས་པ་དང་རྫས་འགྱུར་བེད་སྤྱད་ཀྱིས་གསེར་ཕོན་ཆེན་བཙགས་པ་དེས། ཁོར་ཡུག་སྐྱེ་ཁམས་ལ་ཚབས་ཆེ་བའི་གནོད་སྐྱོན་བཟོས་འདུག

བསང་ཆུ་རྫོང་པིན་ཧྭ་གཏེར་ལས་འགན་འཁྲི་ཚད་ཡོད་སྤྱི་གཉེར་ཁང་གི་ཅ་གན་ཐན་གསེར་གྱི་ཁེ་ལས་སྤྱི་གཉེར་ཁང་ཟེར་བས། ཉེན་ཁ་ཆེ་བའི་རྫས་འགྱུར་སྙིགས་རོ་འགོག་སྡོམ་གྱི་སྒྲིག་གཞི་ལག་བསྟར་མ་བྱས་པར། རྫས་འགྱུར་སྙིགས་རོ་དེ་ཡང་སྤྱིར་བཏང་གད་སྙིགས་ནང་བཞིན་གང་སར་གཡུག་མུས་ཡིན་པ་དང་། ཉེན་ཁ་ཆེ་བའི་རྫས་འགྱུར་སྙིགས་རོ་འགོག་སྡོམ་གྱི་སྒྲིག་གཞི་ཟེར་བ་དེ་ནི་ཕྱི་ལོ་༢༠༡༦ ཟླ་༨ ཚེས་༡ ཉིན་གཏན་འབེབས་བྱས་པ་ཞིག་རེད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་དེས། གནད་དོན་འདི་དག་ཚང་མ་འབྲེལ་ཡོད་ས་གནས་སྲིད་གཞུང་གི་ཁོར་ཡུག་ཞིབ་འཇུག་ཚན་ཁག་དང་ཁེ་ལས་སྤྱི་གཉེར་ཁང་གཉིས་ངན་པ་མཐུན་སྡེབ་བྱས་པའི་མཇུག་འབྲས་ཡིན་པ་བསྟན་འདུག དེ་ཡང་ཕྱི་ལོ་༢༠༡༩ ཟླ་༦ ནང་བསང་ཆུ་རྫོང་པིན་ཧྭ་གཏེར་ལས་འགན་འཁྲི་ཚད་ཡོད་སྤྱི་གཉེར་ཁང་ཟེར་བ་དེས། ཀན་སུའུ་སྤྱི་ཚོགས་ཚན་རིག་གླིང་དང་སྐྱེ་ཁམས་ཁོར་ཡུག་ཉམ་ཉེན་སྔོན་འགོག་ཚན་པར། གཏེར་རྫས་བཅོས་སྐྱོང་དང་ཁོར་ཡུག་རྟོག་ཞིབ་འཆར་འགོད་ལག་བསྟར་ལ་གྲ་སྒྲིག་དགོས་ལུགས་བཤད་པ་བརྒྱུད་ནས། རྫས་འགྱུར་སྙིགས་རོ་ནི་སྤྱིར་བཏང་གི་གད་སྙིགས་ནང་བཞིན་གང་སར་གཡུག་ཆོག་པ་བཟོས་འདུག ལྟ་ཞིབ་ཚན་ཆུང་དེས་ད་དུང་། ཐོན་ཁུངས་ཡུལ་ངོས་སུ་རྫས་ལྡན་སྙིགས་རོ་སྤུངས་ཚད་ཏུན་ས་ཡ་༩ ཡས་མས་ཟིན་པ་དང་། དེའི་ནང་དུ་རྡོ་སྙིགས་གཅིག་པུ་ཏུན་ས་ཡ་༤ ཟིན་ཞིང་། རྡོག་སྙིགས་སྤུངས་པའི་མཐོ་ཚད་ལ་མི་ཊར་༥༠ དང་། ཞང་ཚད་ལ་མི་ཊར་༤ ནས་༥༠ བར་ཟིན་པ་བསྟན་འདུག

རྨ་ཆུ་ས་ཁུལ་གྱི་གཏེར་ཁ་སྔོན་འདོན་ལ་བཏང་བའི་ཉེན་བརྡའི་སྙན་ཐོ།  

<<འཆི་བཞིན་པའི་ངའི་ཕ་ཡུལ། བོད།>>ཅེས་པའི་སྙན་ཐོ་དེ་ནི་རང་ལོ་༢༥ སོན་པའི་བོད་རིགས་བུད་མེད་ལྷ་མོ་སྒྲོལ་དཀར་གྱིས་བཏོན་པ་ཞིག་རེད་ལ། སྙན་ཐོ་དེའི་ནང་རྨ་ཆུ་ས་ཁུལ་དུ་ཁྲིམས་འགལ་གྱིས་གསེར་གཏེར་སྔོན་འདོན་བྱེད་བཞིན་པའི་སྐོར་ལ་ཉེན་བརྡ་བཏང་འདུག ཕྱི་ལོ་༡༩༩༨ ལོར་རྒྱ་གར་དུ་དཔར་སྐྲུན་བྱས་པའི་སྙན་ཐོ་དེ་ནི། བོད་རིགས་ས་ཁུལ་ཁག་གི་གནས་ཚུལ་རྒྱུས་ལོན་ཡོང་ཆེད་ཁོ་མོ་ཕྱི་ལོ་༡༩༩༧ ལོར་དུས་ཡུན་ཟླ་བ་ཁ་ཤས་རིང་བོད་ཁུལ་དུ་འགྲུལ་བཞུད་བྱས་སྐབས་ཤེས་རྟོགས་བྱུང་བ་རེད། སྙན་ཐོ་དེའི་དོན་ཚན་ཁག་གི་ནང་དུ་བོད་རིགས་མང་ཚོགས་ཀྱི་དབུལ་ཕོངས་གནས་སྟངས་དང་། རྩྭ་ཐང་ནས་འབྲོག་རུ་བཙན་གྱིས་གནས་སྤོར་གཏོང་བ། རང་བྱུང་གཏེར་ཁ་སྔོག་འདྲེན་དང་ནགས་ཚལ་གཅོད་འབྲེག ད་དུང་གསེར་གྱི་ཁེ་ལས་སྤྱི་གཉེར་ཁང་དེ་དག་གིས་གཏེར་ཁ་སྔོན་འདྲེན་བྱེད་པའི་འདྲ་པར་སོགས་འཁོད་འདུག སྐབས་དེར་ལྷ་མོ་སྒྲོལ་དཀར་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོང་བ་དང་། ད་ཆར་ཁོ་མོ་ཡུ་རོབ་ཏུ་གནས་སྡོད་བེད་མུས་རེད།

འཆི་བཞིན་པའི་ངའི་ཕ་ཡུལ། བོད།

ལྷ་མོ་སྒྲོལ་དཀར་གྱིས་སྙན་ཐོ་དེའི་ནང་དུ། སྐབས་དེར་འབྲོང་ཁེས་རྫ་རྒྱུད་དུ་ཕྱི་ལོ་༡༩༨༡ ནས་གཏེར་ཁ་སྔོན་འདོན་བྱེད་འགོ་བཙུགས་ཡོད་པ་དང་། ཁེ་ལས་སྤྱི་གཉེར་ཁང་དེས་དུས་ཡུན་ལོ་ངོ་༥ རིང་གཏེར་ཁ་སྔོན་འཆར་ཡོད་པ་ཤེས་རྟོགས་བྱུང་འདུག འབྲོང་ཁེས་རྫ་རི་ནི་མདོ་སྨད་རྨ་ཆུ་རྫོང་ཉིན་པ་ཞང་གི་ས་ཁོངས་སུ་ཡོད་པ་རེད། གཏེར་ཁ་དེ་འབྲོག་ཁོག་ཏུ་རྟེན་གཞི་བྱས་པའི་རྨ་ཆུ་རྫོང་གསེར་གྱི་ཁེ་ལས་ཚད་ཡོད་སྤྱི་གཉེར་ཁང་ཟེར་བས་བདག་བཟུང་བྱས་འདུག སྙན་ཐོའི་ནང་དུ་ས་ཁུལ་དེའི་གཏེར་ཁ་སྔོག་འདོན་གྱི་འདྲ་པར་དང་། ཉུང་མཐར་ཡང་དུས་ཡུན་ལོ་༥ རིང་ཐོན་ཁུངས་མི་འདྲ་བ་སྣ་ཚོགས་ནས་གཏེར་རྐོ་བའི་གནས་ཚུལ་སོགས་འཁོད་འདུག

འབྲོང་ཁེས་རྫ་རྒྱུད་དུ་ལུང་ཤུར་མང་པོ་ཡོད་པ་དང་། ལུང་ཤུར་དེའི་གཅིག་གི་ནང་དུ་གཏེར་སྔོག་གི་ཡོད་འདུག ལྷ་མོ་སྒྲོལ་དཀར་གྱི་གཏེར་ཁ་ཨང་༣ པ་འདྲ་པར་དུ་བླངས་ཡོད་པ་དང་། དེ་གར་གཏེར་རྐོ་བ་མི་གྲངས་༤༠༠ ཡས་མས་ཡོད་འདུག གཏེར་ཁ་དེ་ནི་ཕྱི་ལོ་༡༩༨༦ ནང་འགོ་བཙུགས་པ་ཞིག་རེད། མོས་ད་དུང་རྫ་རྒྱུད་དེའི་གཏེར་ཁ་ཨང་གསུམ་པ་ཡང་འདྲ་པར་དུ་བླངས་ཡོད་ཅིང་། དེ་གར་གཏེར་རྐོ་མཁན་མི་གྲངས་༦༠༠ ཡས་མས་ཡོད་འདུག

དུག་ཆུས་ཁོར་ཡུག་དང་ཚེ་སྲོག་ལ་ཐེབས་པའི་འཇིག་ཉེན།

གཟའ་འཁོར་འདིའི་འགོ་སྟོད་ལ་འདི་ག་ལྟེ་གནས་ཁང་གིས་ཉིན་པ་ཞང་ནས་ཡིན་པའི་དགེ་འདུན་པ་ཞིག་ལ་བཅར་འདྲི་ཞུས། ཁོང་ད་ཆར་རྒྱ་གར་སྡོད་ཅིང་ཕྱི་ལོ་༢༠༡༤ ལོར་ཕྱིར་ཕ་ཡུལ་སྐྱོད་སྐབས་ཀྱི་གནས་ཚུལ་བརྗོད་ཡོད། ༼ནང་མིའི་བདེ་འཇགས་ཀྱི་ཆེད་དུ་ཁོང་གི་མཚན་འཁོད་མེད༽ དགེ་འདུན་པ་ཁོང་ཕ་ཡུལ་ལ་ཕྱིན་སྐབས། འབྲོང་ཁེས་རྫ་མགོར་མི་ཟིག་གཅིག་ཀྱང་སོང་མི་ཆོག་བཟོས་ཡོད་པ་དང་། ས་གནས་དེའི་རྩྭ་ཐང་དང་རྒྱུགས་ཆུ། ལམ་ཁ་སོགས་གཏེར་སྔོག་སའི་ཕྱི་ལོགས་ལ་ལྟ་རྟོག་བྱེད་མཁན་བོད་རིགས་འགའ་བཞག་ཡོད་པ་དང་། གཏེར་ཁའི་ནང་ལོགས་སུ་གཏེར་རྐོ་མཁན་མི་གྲངས་༨༠༠ ཡས་མས་ཤིག་ཡོད་པ་དང་ཚང་མ་རྒྱ་རིགས་ཡིན་འདུག ཁོང་བརྗོད་དོན། “གཏེར་ཁ་སྔོག་སའི་ནང་ལོགས་དང་དེའི་ཉེ་འགྲམ་ལ་བོད་མི་དང་ཕྱི་མི་གཅིག་ཀྱང་འགྲོ་འཇུག་མི་འདུག་ལ། ཐ་ན་གཏེར་ཁའི་ཕྱི་ལོགས་སུ་ལྟ་རྟོག་བྱེད་མཁན་བོད་མི་དེ་ཚོ་ཡང་འགྲོ་ཆོག་གི་མི་འདུག གཏེར་ཁ་སྔོག་ས་དེ་ཧ་ཅང་གསང་བ་དམ་པོ་བྱེད་ཀྱིན་འདུག”

གཏེར་ཁ་དེ་གསར་རྙེད་མ་བྱུང་སྔོན་ལ། འབྲོང་ཁོག་ན་སྡེ་བ་གོང་ཞོལ་བར་གསུམ་ཞེས་འབྲོག་སྡེ་ཆེན་པོ་གསུམ་ཡོད་པ་རེད། འབྲོག་སྡེ་གོང་མར་འཁེལ་བའི་ས་ཐོག་ནས་གཏེར་ཁ་གསར་རྙེད་བྱུང་རྗེས། ས་གནས་དེའི་ཨ་རིག་རུ་འབྲོག་སྡེ་ཡི་རྩྭ་ས་༼སྔོན་ཆད་སྡེ་བ་གོང་མའི་དབྱར་ས་རེད།༽བཙན་གྱིས་གཏེར་རྐོ་ཚན་པར་བཙོང་བཅུག་ཡོད་འདུག  ཨ་རིག་རུ་སྡེ་བ་ནི་སྡེ་བ་གོང་མའི་འབྲོག་སྡེ་༧ གྲས་ཀྱི་གཅིག་ཡིན་པ་དང་། སྡེ་བ་དེའི་འབྲོག་ཁྱིམ་༡༠ གྲས་ནས་༧ གྱི་རྩྭ་ས་གཏེར་རྐོ་ཚན་པར་བཙོང་བཅུག་འདུག དགེ་འདུན་པ་ཁོང་གིས། སྔོན་ཆད་སྡེ་བ་གོང་མར། མ་ཆུས་རུ་སྡེ་བ་དང་། རི་སྟེར་རུ་སྡེ་བ། ཇ་ཚོགས་རུ་སྡེ་བ། ར་མོང་རུ་བཅས་སྡེ་ཆེན་བཞི་ཡོད་སྐོར་བརྗོད་བྱུང་།

འབྲོག་ཁོག་ཏུ་ད་དུང་གསེར་གྱི་གཏེར་ཁ་གཞན་མང་པོ་ཡོད་པ་གསར་རྙེད་བྱུང་སྟེ། རྒྱ་ནག་གཞུང་འབྲེལ་ཁེ་ལས་སྤྱི་གཉེར་ཁང་ཁག་གིས་སྔོན་འཆར་ཡོད་འདུག ཕྱི་ལོ་༢༠༡༤ ལོར་དགེ་འདུན་པ་ཁོང་གིས་ཤེས་གསལ་ལྟར་ན། འབྲོང་ཁེས་རྫ་རིའི་མཐའ་ན་བར་ཝུ་ཆུ་ཞེས་པའི་ལུང་ཁོག་ཅིག་ཡོད་པ་དང་། དེའི་ལུང་མདོ་རྩྭ་ཐང་ཡིན་པ་དེ་གར་གཏེར་ཁ་འཚོལ་ཞིབ་པས་གསེར་གཏེར་འབོར་ཆེན་ཡོད་པ་ཤེས་རྟོགས་བྱུང་ཡོད་ཅིང་། ད་སྔ་འབྲོང་ཁོག་གི་གཏེར་ཁ་སྔོག་ཚར་མེད་པས། གཏེར་ཁ་དེ་སྔོག་འཆར་ཡོད་མེད་ལ་གསལ་ཁ་མེད་པ་རེད།

ཐོན་ཁུངས་ཡུལ་སུ་རྡོ་སྙིགས་གང་སར་སྤུངས་པ་དང་གཏོར་བ།
ཐོན་ཁུངས་ཡུལ་སུ་རྡོ་སྙིགས་གང་སར་སྤུངས་པ་དང་གཏོར་བ།

གཏེར་ཁ་སྔོག་ཡུལ་གྱི་དུག་ཆུ་དེ་གུར་ཆུའི་ནང་བཞུར་གྱི་ཡོད་པ་དང་། གུར་ཆུ་ཞེས་པའི་མིང་དེ་གུར་ཁོག་ཅེས་ལུང་བ་དེའི་མིང་ལ་བརྟེན་ནས་བཏགས་པ་ཞིག་རེད་འདུག  དགེ་འདུན་པས། “གཏེར་རྐོ་བས་གུར་ཁོག་གི་ལུང་བ་ཆུང་ཆུང་ཞིག་གི་ཕྱེད་ཀ་བཅད་ནས་དེའི་ནང་ལ་གཏེར་ཁ་སྔོན་འདོན་གྱི་དུག་ཆུ་བསྐྱིལ་འདུག ཁོ་ཚོས་དུག་ཆུ་བསྐྱིལ་ནས་ས་འོག་ལ་འཐིམ་འཇུག་པ་མ་གཏོགས། དུག་ཆུ་ཕྱིར་གཏོང་གི་ཡོད་མེད་མ་ཤེས། རབ་བསྟན་ཟེར་བའི་བོད་མི་ཞིག་གུར་ཆུ་ལ་ལྟ་རྟོག་བྱེད་མཁན་ལ་བཞག་འདུག དེའི་ཉེ་འགྲམ་དུ་ཆུ་དཀར་ཞེས་པའི་རྒྱུགས་ཆུ་ཆེན་པོ་ཞིག་ཀྱང་པ་དང་། དེའི་མང་ལའང་ཡུལ་མི་ཚོས་ཆུ་དབར་ཞེས་འབོད་པ་རེད། སྔོན་ཆད་འབྲོང་ཁོག་ན་རང་བྱུང་ཆུ་མིག་མང་པོ་ཡོད་ཀྱང་། གཏེར་ཁ་སྔོག་འདོན་དང་དུག་ཆུའི་རྐྱེན་གྱིས། མང་པོ་ཞིག་སྐམ་ཚར་འདུག” ཅེས་དང་།

“དུག་ཆུ་བསྐྱིལ་ཡོད་པའི་ནང་དུ། ཁོ་ཚོས་གཟའ་འཁོར་རེ་རེར་སྨན་བརྒྱབ་ནས་དུག་གི་ནུས་པ་ཇེ་ཉུང་དུ་གཏོང་གི་ཡོད་འདུག ངས་གོ་ཐོས་ལ། དུག་ཆུ་དེ་མི་ཟོག་གི་ཁ་ནང་ལ་སོང་ན་ལམ་སང་ཤི་འགྲོ་བ་དང་། དུག་ཆུའི་ནང་དུ་ལག་པ་བརྒྱབ་ན། ཤ་ཚིགས་ནས་རུས་པར་ཐུག་གི་རེད་ཟེར། དེར་མ་ཟད། དུག་གི་ནུས་པས་ལས་བཟོ་བའི་ཤ་སྐྱི་ཚིགས་པ་དང་མགོ་སྐྲ་ཤུལ་འགྲོ་བ་སོགས་ཀྱི་གནས་ཚུལ་མང་པོ་གོ་རྒྱུ་འདུག དུག་ཆུ་འཐུང་ནསཕྱུགས་ཟོག་ཤི་ནའང་། དེ་རྒྱུ་རྐྱེན་གཞན་གྱིས་ཤི་བ་རེད་ཟེར་བ་མ་གཏོགས། དུག་ཆུ་འཐུང་ནས་ཤི་བ་རེད་ཅེས་བཤད་ཕོད་མཁན་ཡོད་པ་རེད།” ཅེས་ཀྱང་བརྗོད་སོང་།