14/12/2019

མའེ་ཀེལ་ཆཱིན་ནི་རྒྱ་གཞུང་གི་མགྲིན་ཚབ་ཡིན་ནམ།

  •   
  •  
  •  
  •  
  •  
  •  
  •  
ཁ་ན་ཌའི་བློན་ཆེན་མའེ་ཀེལ་ཆཱིན།
ཁ་ན་ཌའི་བློན་ཆེན་མའེ་ཀེལ་ཆཱིན།

རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡས་ལ་ཉེ་ཆར་ཁ་ན་ཌའི་གསར་འགོད་པ་ཞིག་གིས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༤ ནས་རྒྱ་གཞུང་གིས་བཀག་ཉར་བྱས་པའི་ཁ་ན་ཌའི་མི་སེར་ཞིག་གི་སྐོར་ལ་བཅར་འདྲི་བྱེད་སྐབས། ཝང་ཡས་ཁོང་ཁྲོ་ལངས་ཏེ་ཐད་ཀར་དྲི་བར་ལན་འབེབས་བྱས་མེད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་སྐོར་ནས་རྒྱ་གཞུང་ལ་སྐྱོན་བརྗོད་བྱས་པ་དེ་ནི། ཁྱད་གསོད་བྱས་པ་ཞིག་ཡིན་སྟབས་ངོས་ལེན་བྱེད་ཐབས་མེད་ཚུལ་གསར་འགོད་ཁ་རྡུང་བཏང་ཡོད། ད་དུང་། ཁོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་བསམ་ཚུལ་འདོན་པའི་ཁེ་དབང་ནི་རྒྱ་གཞུང་དང་རྒྱ་ནག་མི་དམངས་ལ་ལྡན་ཡོད་སྐོར་བརྗོད་ཡོད། གཞན་ཡང་། གནད་དོན་དེ་དང་འབྲེལ་བའི་ཐོག་རྒྱ་ཡིག་དྲ་རྒྱ་ཞིག་གིས་ཁ་ན་ཌའི་བློན་ཆེན་མའེ་ཀེལ་ཆཱིན་ལ་དྲི་བ་དྲིས་ལེན་ཞིག་བྱས་ཡོད་པའི་ནང་། བློན་ཆེན་ཁོང་གིས་ཝང་ཡིས་བཤད་པའི་སྐད་ཆར་རྒྱབ་སྣོན་ལྟ་བུ་བཤད་ཡོད།

མའེ་ཀེལ་ཆིན་གྱིས་རང་ཉིད་ཀྱི་ངོ་དེབ་སྟེང་དུ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་རྒྱབ་སྐྱོར་བྱས་མེད་ཅེས་བཤད་ཡོད་ནའང་། ཁོས་འདས་པའི་ལོ་བཞི་བཅུའི་ནང་རྒྱ་གཞུང་གི་འཛུགས་བསྐྲུན་ཡར་རྒྱས་དམིགས་བཀར་གླེང་དང་། རྒྱ་ནག་ནང་གི་སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཞན་པོ་ཡོད་པའི་སྐོར་གླེང་སློང་མ་བྱས་པ་དེས། རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡས་ཀྱི་སྐད་ཆར་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ཡོད། ཝང་ཡས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་གླེང་རྒྱུའི་ཁེ་དབང་ནི་རྒྱ་གཞུང་དང་རྒྱ་ནག་མི་དམངས་ལ་ཡོད་ཚུལ་བཤད་མ་ཐག་པའི་རྗེས་སུ། ཁ་ན་ཌའི་བློན་ཆེན་ཞིག་གིས་ཁོའི་སྐད་ཆར་རྒྱབ་སྣོན་བྱས་པ་དེ་ཡ་མཚན་པོ་ཞིག་རེད།

དྲི་བ་དྲིས་ལན་དེའི་ནང་གི་གནད་འགག་གཙོ་བོ་ནི། འདས་པའི་ལོ་བཞི་བཅུའི་ནང་རྒྱ་གཞུང་གི་འཛུགས་བསྐྲུན་ཡར་རྒྱས་ལ་གདེང་འཇོག་བྱས་པ་དེ་རེད། བསམ་ཚུལ་དེས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཞན་པོ་ཡོད་པའི་གནད་དོན་འགེབ་སྲུང་བྱས་ཡོད། རྒྱ་གཞུང་གིས་འཛུགས་སྐྲུན་ཡར་རྒྱས་ག་ཚོད་བཏང་ཡོད་ནའང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཚམས་བཞག་མེད། རྒྱལ་ཁབ་སུ་ཞིག་གིས་ཀྱང་དེ་སྔའི་ལོ་རྒྱུས་ལ་ཁ་གཡར་ཏེ། སྐྱེ་བོ་སྒེར་གྱི་ཐོབ་ཐང་རྡོག་རོལ་ནམ་ཡང་གཏོང་མི་ཆོག དེ་བཞིན། མི་ཁག་ཅིག་གི་ཁེ་དབང་ཡར་རྒྱས་ལ་ཁ་གཡར་ནས་སྐྱེ་བོ་གཞན་གྱི་ཐོབ་ཐང་རྡོག་རོལ་གཏོང་མི་ཆོག འདས་པའི་ལོ་བཅུ་ཕྲག་ནང་རྒྱ་ནག་རྒྱལ་ཁབ་དེ་དབུལ་ཕོངས་ཤིག་ཡིན་པ་དང་། རིག་གནས་གསར་བརྗེའི་བར་ཆད་ལ་ཁ་གཡར་ཏེ། རྒྱ་གཞུང་གིས་མི་གསོད་ཁྲག་སྦྱོར་དང་བཙོན་འཇུག་མནར་གཅོད། འགྲོ་བསྐྱོད་རང་དབང་བཀག་སྡོམ་སོགས་ཀྱིས་གཙོས། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བ་བཞིན་པ་དེ་སྣང་མེད་བཏང་མི་ཆོག

གལ་སྲིད། རྒྱ་གཞུང་གི་འཛུགས་བསྐྲུན་ཡར་རྒྱས་ལ་བསྔགས་བརྗོད་བྱེད་ཀྱི་ཡོད་ནའང་། ཡུལ་མི་མང་པོ་ཞིག་འཛུགས་བསྐྲུན་དེ་དག་གིས་ཁེ་ཕན་མ་རག་པར་མུ་མཐུད་དབུལ་ཕོངས་སུ་ལུས་ཡོད། མའེ་ཀེལ་ཆཱིན་གྱིས་དེང་སྐབས་རྒྱ་མི་མང་པོ་ཕྱིའི་ཡུལ་གྲུ་ཁག་ཏུ་འགྲོ་བསྐྱོད་བྱེད་བཞིན་པ་དཔེ་མཚོན་དུ་དྲངས་ཏེ། རྒྱ་ནག་ནང་འཛུགས་བསྐྲུན་ཡར་རྒྱས་ཕྱིན་ཡོད་པ་བརྗོད་ཀྱིན་ཡོད། འདས་པའི་ལོ་བཞི་བཅུའི་ཡར་སྔོན་དུ་རྒྱ་རིགས་ཚོར་ཕྱི་ཕྱོགས་སུ་འགྲུལ་བསྐྱོད་བྱ་རྒྱུའི་དཔལ་འབྱོར་མེད་པ་བདེན་ནའང་། བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་ལ་མཚོན་ན། ད་ལྟའི་ཆར་ཡང་འཛུགས་བསྐྲུན་ཡར་རྒྱས་གང་ཡང་ཕྱིན་མེད། དེར་མ་ཟད་ཁོ་ཚོའི་འགྲོ་བསྐྱོད་རང་དབང་ལ་བཀག་སྡོམ་ཤུགས་ཆེན་བྱེད་ཀྱིན་ཡོད དཔེར་ན། ༢༠༡༢ ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བོད་མི་ཚོའི་ཕྱི་བསྐྱོད་ལག་འཁྱེར་བསྡུ་གསོག་བརྒྱབ་སྟེ་ད་བར་ཕྱིར་སྤྲོད་བྱས་མེད། བོད་མི་ཚོ་ཕྱི་ཕྱོགས་སུ་འགྲུལ་བསྐྱོད་ཀྱིས་ཕྱིར་ལོག་སྐབས་ཁོང་ཚོའི་ཕྱི་བསྐྱོད་ལག་འཁྱེར་གཞུང་གིས་བསྡུ་གསོག་རྒྱག་གིན་ཡོད། དེ་བས་མ་འོངས་པར་ཁོང་ཚོ་ཕྱི་ཕྱོགས་སུ་འགྲུལ་བསྐྱོད་བྱ་རྒྱུའི་ལམ་ཁ་རྣམས་བཀག་ཡོད། བོད་རིགས་མ་ཡིན་པའི་རྒྱ་རིགས་མང་པོ་ཞིག་ཕྱི་ཕྱོགས་སུ་འགྲུལ་བསྐྱོད་བྱེད་བཞིན་པ་དེས། རྒྱ་ནག་ནང་འགྲོ་བསྐྱོད་རང་དབང་ལ་ཡར་རྒྱས་ཕྱིན་ཡོད་པ་མཚོན་ཐུབ་ཀྱི་མེད།

རྒྱ་གཞུང་དང་རྒྱ་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་བྱེད་སྐབས། སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་སྟེ། དཔེར་ན། ཆོས་དད་རང་མོས། འདུ་འཛོམས་དང་སྨྲ་བརྗོད་རང་དབང་། དེ་བཞིན། མི་སྒེར་གྱི་རང་དབང་། མནར་གཅོད་དང་གང་བྱུང་འཇུ་བཟུང་མི་ཆོག་པའི་རང་དབང་སོགས་སྣང་མེད་བསྐྱུར་འཇོག་བྱེད་ཀྱིན་ཡོད། དེར་བརྟེན། རྒྱ་གཞུང་གིས་སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་དེ་དག་མུ་མཐུད་རྡོག་རོལ་གཏོང་བཞིན་ཡོད། འདས་པའི་ལོ་ཁ་ཤས་ནང་ཐོབ་ཐང་དང་རང་དབང་དེ་དག་གི་ཐད་ཡར་རྒྱས་སྤུ་ཙམ་ཡང་ཕྱིན་མེད། ༢༠༡༣ ལོ་ནས་བཟུང་བོད་ནང་དུ་བརྟན་ལྷིང་སྲུང་སྐྱོབ་སྲིད་ཇུས་ཟེར་བའི་འོག བོད་རིགས་འཚེ་མེད་ཞི་བའི་འཐབ་རྩོད་པ་ཚོར་བཙོན་འཇུག་མནར་བཏང་དང་གཏོང་བཞིན་ཡོད།

ཝང་ཡས་ཀྱི་ལན་འདེབས་དང་། གོང་གསལ་རྒྱ་ཡིག་དྲ་རྒྱའི་ནང་འཁོད་པའི་དྲི་བ་དྲིས་ལན་དེ་གཉིས་ནི། ཁ་ན་ཌ་གཞུང་གི་ངོས་ནས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཇི་ལྟར་ཡར་རྒྱས་གཏོང་མིན་ཐད་ཀྱི་ལན་འདེབས་ལྟ་བུ་ཞིག་ཆགས་ཡོད། གལ་སྲིད་ཁ་ན་ཌའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འདུ་ཤེས་ལ་དངོས་གནས་རྒྱབ་སྐྱོར་བྱ་འདོད་ཡོད་ཚེ། རྒྱ་གཞུང་དང་མཉམ་དུ་དྲང་པོ་དྲང་བཞག་གི་ཐོག་ནས། འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་བྱ་དགོས་རྒྱུ་ལས། འཛུགས་བསྐྲུན་ཡར་རྒྱས་སོགས་ཁ་ལ་ཁྱེར་ཏེ་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཟུར་འཇོག་སྣང་མེད་གཏོང་མི་རུང་། འཛུགས་བསྐྲུན་ཡར་རྒྱས་ངོ་མ་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱས་པའི་ཐོག་ནས་ཡོང་དགོས་ཀྱི་ཡོད་པ་དེར། ཁ་ན་ཌའི་ངོས་ནས་ངོས་འཛིན་གསལ་བོ་བྱེད་དགོས།