24/11/2020

མཚོ་ལྷོ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཕྲུག་ ༨ ལ་བཙོན་འཇུག་ཁྲིམས་ཐག་བཅད་འདུག

  •   
  •  
  •  
  •  
  •  
  •  
  •  
Kunsang Bhum2
ལོ་ ༢ དང་ཟླ་ ༦ དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་ཕོག་ཡོད་པའི་སློབ་ཕྲུག་ཀུན་བཟང་འབུམ།

ལོ་སྔོན་མའི་ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་བོད་མདོ་སྨད་མཚོ་ལྷོ་ཁུལ་གྱི་སྲིད་འཛིན་ལྟེ་གནས་ས་ཁུལ་ཆབ་ཆ་གྲོང་རྡལ་དུ།  ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཕྲུག་སྟོང་ཕྲག་བརྒལ་བས་འཕྲེད་དར་འཕྱར་ཏེ་སྐད་འབོད་ཁྲོམ་སྐོར་བྱས་ཏེ་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གནང་བའི་རྗེས།  རྒྱ་གཞུང་ཉེན་རྟོག་པས་སྔ་ཕྱིར་སློབ་ཕྲུག་མང་པོ་བཙན་ཁྲིད་ཀྱིས་གཅར་རྡུང་འདྲི་གཅོད་དང་འཇུ་བཟུང་བཀག་བསྐྱིལ་བྱས་ཡོད་པ་ལྟར།  ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་སློབ་ཕྲུག་བརྒྱད་ལ་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཅད་ཡོད་འདུག

ཕྱི་ཟླ་ ༤ ཚེས་ ༡༧ ཉིན་ཀྲུང་གོའི་བོད་ཀྱི་དྲ་བ་ཟེར་བས་གནས་ཚུལ་སྤེལ་ཏེ།   ཕྱི་ཟླ་ ༤ ཚེས་ ༡༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མི་དམངས་ཁྲིམས་ཁང་གིས། “༡༡་༢༦”མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཕྲུག་གི་ངོ་རྒོལ་ཁྲོམ་སྐོར་གྱི་གྱོད་དོན་ལ་འདྲི་གཅོད་བྱས་ཏེ།  མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཕྲུག་སངས་རྒྱས་འབུལ་ལ་ལོ་ ༤ དུས་བཀག་བཙོན་འཇུག་དང་། ཀུན་བཟང་འབུམ་དང་ལྷ་བརྟན། བྱམས་པ་ཚེ་རིང་གསུམ་ལ་ལོ་ ༢ དང་ཟླ་ ༦ རེའི་དུས་བཀག་བཙོན་འཇུག  དབང་རྒྱལ་ཚེ་རིང་དང་ཆོས་སྐྱོང་སྐྱབས་གཉིས་ལ་ལོ་ ༣ དང་ཟླ་ ༣ རེའི་དུས་བཀག་བཙོན་འཇུག་བཅས་ཀྱི་ཁྲིམས་ཆད་བཅད་ཡོད་པ་བསྒྲགས་འདུག

རྒྱ་གཞུང་གི་ཀྲུང་གོའི་བོད་ཀྱི་དྲ་བའི་གནས་ཚུལ་སྤེལ་བའི་ནང་། ཁྲིམས་ཆད་ཕོག་ཡུལ་སློབ་ཕྲུག་ ༨ པོས་ནག་ཉེས་ཁས་བླངས་པའི་རྣམ་འགྱུར་དང་སྤྱི་ཚོགས་སྟེང་ལ་གནོད་པ་བཟོས་པའི་ཚད་ཐིག་ལྟར་ཁྲིམས་གཅོད་བྱས་ཡོད་ཚུལ་དང་།  གྱོད་དོན་འདྲི་གཅོད་སྐབས་མཚོ་ལྷོ་ཁུལ་གྱི་ཁོངས་གཏོགས་སློབ་གྲྭ་ཁ་ཤས་དང་། གུང་ཧོ་རྫོང་གི་ཁོངས་གཏོགས་སློབ་གྲྭའི་དགེ་སློབ་ཀྱི་འཐུས་མི།  ཁྲིམས་ཆད་ཕོག་ཡུལ་སློབ་ཕྲུག་ཚོའི་ཁྱིམ་བདག་སོགས་མི་གྲངས་ ༡༠༠ ལྷག་ཟུར་ཉན་ལ་བཅར་བཅུག་ཡོད་སྐོར་བརྗོད་ཡོད་ཀྱང་།  གོང་གསལ་སློབ་ཕྲུག་ ༦ མ་གཏོགས་སློབ་ཕྲུག་གཞན་གཉིས་ཀྱི་མིང་དང་ཁྲིམས་ཆད་ལོ་གྲངས་བཅས་གསལ་མེད་པ་རེད། དེ་སྔོན་གསར་ལམ་ཁག་ཏུ་ཐོན་པའི་སློབ་ཕྲུག་བརྒྱད་པོའི་མིང་གཞུང་གཞི་བཟུང་ལྟར་ན། ཁྲིམས་ཆད་ལོ་གྲངས་གསལ་མེད་པའི་སློབ་ཕྲུག་དེ་གཉིས་ནི་བཀྲ་ཤིས་ཀུན་བཟང་དང་རྡོ་ལ་ཚེ་རིང་ཡིན་དགོས་པ་ཆགས་འདུག

དེ་ཡང་སློབ་མའི་ཞི་བའི་ངོ་རྒོལ་ཁྲོམ་སྐོར་དེའི་བྱུང་རིམ་ནི།   ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༠ ཉིན་མཚོ་ལྷོ་ཁུལ་དྲིལ་བསྒྲགས་སྡེ་ཁག་གིས་ ༼མཚོ་ལྷོ་ཁུལ་གྱི་མིག་སྔའི་ལྟ་ཚུལ་འཛིན་སྟངས་བཅུ༽ཞེས་པའི་ཡིག་ཆ་ཞིག་བཏོན་ཡོད་པ་དང་།  རྗེས་སུ་སློབ་གྲྭ་ཁག་ནང་ཡིག་ཆ་དེ་འགྲེམས་བསྒྲགས་བྱས་ཏེ་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་ལ་མཚན་སྨད་དང་།  བོད་ཀྱི་སྐད་དང་ཡི་གེ་ཁོ་ན་གཙིགས་འཛིན་བྱས་ན་མདུན་ལམ་ཆེན་པོ་མེད་ཚུལ་དང་།  རང་ལུས་མེར་བསྲེགས་ནི་བླུན་སྤྱོད་ཅིག་ཡིན་སྐོར་སོགས་བརྗོད་དེ། བོད་ཀྱི་རང་དབང་རྩ་དོན་ཆེད་རང་སྲོག་བློས་གཏོང་གནང་མཁན་རྣམས་ལ་དམའ་འབེབས་དང་། རྒྱ་ནག་དམར་ཤོག་པར་དྲིན་གཟོ་ཞུ་དགོས་པའི་སློབ་གསོའི་བྱ་འགུལ་སྤེལ་བ་བཅས་ལ་བརྟེན་ནས།   ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་མཚོ་ལྷོ་ལས་རིག་ལག་རྩལ་སློབ་གྲྭའི་སློབ་ཕྲུག་ཚོས་རྒྱ་གཞུང་གི་དྲིལ་བསྒྲགས་ཡིག་ཆ་དེ་དག་མེར་བསྲེགས་བཏང་བ་དང་།  སློབ་ཕྲུག་ ༡༠༠༠ བརྒལ་བ་ཁྲོམ་གཞུང་དུ་ཐོན་ནས་འཕྲེད་དར་ཕྱར་ཏེ་སྐད་འབོད་ཁྲོམ་སྐོར་གྱི་གནས་ཚུལ་དེ་བྱུང་ཡོད་པ་རེད།

སྐབས་དེར་རྒྱ་གཞུང་དྲག་ཆས་ཉེན་རྟོག་པས་སློབ་ཕྲུག་ཚོར་གཅར་རྡུང་དྲག་གནོན་བྱས་ཏེ།  སློབ་ཕྲུག་མང་པོར་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་མྱུར་སྐྱོབ་བྱེད་དགོས་པའི་གནས་སྟངས་བྱུང་ཡོད་པ་མ་ཟད།  སྔ་ཕྱིར་སློབ་ཕྲུག་ ༢༠ ཙམ་འཇུ་བཟུང་བཙན་ཁྲིད་ཀྱིས་གཅར་རྡུང་དྲི་བརྩད་བྱས་རྗེས།  དེའི་ཁྲོད་ནས་སློབ་ཕྲུག་ ༡༦ ཙམ་མུ་མཐུད་བཀག་ཉར་གྱིས་བཙན་དྲག་འདྲི་གཅོད་རིམ་པས་བྱས་མཐར་སློབ་ཕྲུག་ ༨ དངོས་སུ་འཇུ་བཟུང་བྱས་ཡོད་པ་རེད།

༢༠༡༣ ལོའི་ཕྱི་ཟླ་ ༢ ཚེས་ ༡ ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཐོག་ཏུ་ཁྲིམས་ར་ཚོགས་ཏེ།  ཁྲིམས་རའི་ཕྱི་ནང་གཉིས་སུ་ཉེན་རྟོག་པ་མང་པོ་འགྲེམས་འཇོག་གིས་བརྙན་པར་སོགས་ལེན་མི་ཆོག་པའི་བཀག་སྡོམ་ནན་མོ་བྱས་ཏེ།   མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཕྲུག་ ༨ དང་། འཁྱམ་རུ་དགོན་པའི་གྲྭ་བ་ ༢ བཅས་ཁྲིམས་ཐག་གཅོད་རྩིས་བྱས་ཡོད་ཀྱང་།  སྐབས་དེར་སློབ་ཕྲུག་ཚོའི་ནང་མི་ཉེ་འབྲེལ་གཙོས་མཚོ་ལྷོ་ཁུལ་གྱི་ཁོངས་གཏོགས་རྫོང་ཁག་ལྔ་ནས་བསླེབས་པའི་མང་ཚོགས་མང་པོས།  སློབ་ཕྲུག་དང་གྲྭ་བ་དེ་དག་གིས་ཁྲིམས་ཆད་ཕོག་དགོས་པའི་ནག་ཉེས་ཆེན་པོ་གང་ཡང་བསགས་མེད་པ་དང་། གལ་སྲིད་ཁོ་ཚོར་ཁྲིམས་ཐག་བཅད་པ་ཡིན་ན། རྫོང་ཁག་ལྔའི་ས་གནས་བོད་རིགས་ཡུལ་མི་ཚོས་ངོ་རྒོལ་བྱ་རྒྱུ་ཡིན་པའི་རྣམ་འགྱུར་བསྟན་ཡོད་སྟབས། ཉིན་དེར་ཁྲིམས་ཐག་གཅོད་མ་ཐུབ་པར་ཁྲིམས་ར་གྲོལ་དགོས་བྱུང་ཡོད་པ་རེད།

དེ་བཞིན།  མཚོ་ལྷོ་ཁུལ་གྱི་སློབ་མའི་ངོ་རྒོལ་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་རྒྱ་གཞུང་ཉེན་རྟོག་པས་འཁྱམ་རུ་དགོན་པའི་གྲྭ་བཟང་གྲགས་དང་ཡེ་ཤེས་བཟང་པོ། གསུང་རབ་རྒྱ་མཚོ་གསུམ་སྔ་ཕྱིར་འཇུ་བཟུང་བྱས་པ་མ་ཟད།  ༢༠༡༣ ལོའི་ཕྱི་ཟླ་ ༢ ཚེས་ ༡ ཉིན་མཚོ་ལྷོ་ཁུལ་ཐོག་ཏུ་ཁྲིམས་ར་ཚོགས་སྐབས།  ཁོང་ཚོའི་གྲས་ཀྱི་དགེ་འདུན་པ་གཉིས་ཁྲིམས་རར་ཁྲིད་འོངས་ཡོད་ཀྱང་།  ཐེངས་འདིར་རྒྱ་གཞུང་གི་ཀྲུང་གོའི་བོད་ཀྱི་དྲ་བ་ཞེས་པའི་སྤེལ་བའི་གནས་ཚུལ་ནང་།  གྲྭ་བ་དེ་དག་ལ་ཁྲིམས་ཆད་བཅད་ཡོད་མེད་སྐོར་གྱི་གནས་ཚུལ་གང་ཡང་ཐོན་མེད་པ་རེད།

 

Select Language