14/04/2021

མགོ་མཇུག་འཆོལ་བའི་ཡར་རྒྱས་འཛུགས་སྐྲུན་ཏེ། བོད་ནང་དུ་རྒྱ་གཞུང་གིས་ཡར་རྒྱས་འཛུགས་སྐྲུན་བྱས་པའི་དཔྱད་ཞིབ་སྙན་ཐོ།

  •   
  •  
  •  
  •  
  •  
  •  
  •  

ཁ་སང་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ངོས་ནས། <<མགོ་མཇུག་འཆོལ་བའི་ཡར་རྒྱས་འཛུགས་སྐྲུན་ཏེ། བོད་ནང་དུ་རྒྱ་གཞུང་གིས་ཡར་རྒྱས་འཛུགས་སྐྲུན་གྱི་ཐོབ་ཐང་དང་ལག་བསྟར་བྱེད་ཕྱོགས་གླེང་སློང་>> ཞེས་པའི་སྙན་ཐོ་ཞིག་འདོན་སྤེལ་གྱིས། རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་ལས་འཆར་གྱི་ཚད་གཞིའི་ཁྲོད་དུ་ས་གནས་བོད་མིའི་ཉམས་མྱོང་གི་སློབ་གསོ་གཙིགས་ཆེར་འཛིན་དགོས་པ་གསལ་འདོན་བྱས་ཡོད། འདས་པའི་མི་ལོ་བཅུ་ཕྲག་མང་པོར་བོད་ནང་དུ་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་གྱི་ལས་འཆར་བཙན་སྤེལ་གྱིས། ད་ཆར་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་སྤེལ་གཏོང་ཐབས་སུ། རྒྱ་གཞུང་གིས་ཡར་རྒྱས་འཛུགས་སྐྲུན་གྱི་ཐོབ་ཐང་འུད་སྒྲོག་བྱས་ཡོད།

བོད་ནང་དུ་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་སྲིད་ཇུས་སྤེལ་བར་ཞིབ་འཇུག་གིས། སྙན་ཐོ་འདིའི་ནང་དུ་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་དང་དེའི་གོ་ལ་རང་བཞིན་གྱི་དཔེ་མཚོན་ལ་བབ་བསྟུན་དང་ཁས་ལེན་བྱ་མི་རུང་བའི་ཛ་དྲག་གི་ཉེན་བརྡ་བཏང་ཡོད།

རྒྱལ་སྤྱིའི་སྟེང་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་གྱི་ལས་གཞི་མྱུར་བོར་འཕེལ་བཞིན་ཡོད་པ་དང་། རྒྱ་གཞུང་གིས་རང་ཉིད་ཡར་རྒྱས་འཛུགས་སྐྲུན་གྱི་འགོ་ཁྲིད་ཀྱི་དཔེ་མཚོན་དུ་ངོས་བཟུང་ནས། རྒྱ་གཞུང་རང་གི་ཡར་རྒྱས་འཛུགས་སྐྲུན་གྱི་དཔེ་མཚོན་དེ་གོ་ལ་རང་བཞིན་དུ་ཁྱབ་སྤེལ་བྱས་པ་དང་། དོན་དངོས་སུ་རྒྱ་གཞུང་གིས་ཁྱབ་སྤེལ་བཏང་བའི་ཡར་རྒྱས་འཛུགས་སྐྲུན་གྱི་དཔེ་མཚོན་དེས་འཛམ་གླིང་གི་སྲིད་གཞུང་ཁག་གི་ཡིད་དབང་འཕྲོག་པ་དང་། ཁོ་ཚོས་རྒྱ་གཞུང་གི་མཆོངས་སྐྱོད་ལྟ་བུའི་ཡར་རྒྱས་འཛུགས་སྐྲུན་གྱི་དཔེ་མཚོན་དེ་ནི་དེང་རབས་ཅན་ཡར་རྒྱས་འཛུགས་སྐྲུན་བྱེད་ཐབས་ཀྱི་མྱུར་ལམ་ལྟ་བུ་ཞིག་ཏུ་མཐོང་གི་ཡོད་པ་རེད།

གོང་ཞུས་གནས་སྟངས་དང་འབྲེལ་ནས། རྒྱལ་སྤྱིའི་སྟེང་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲན་གྱི་ཤན་ཤུགས་མུ་མཐུད་དུ་འཕེལ་བཞིན་ཡོད་དང་། དེ་ག་ནང་བཞིན་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་ཐོབ་ཐང་འུད་སྒྲོག་བྱེད་བཞིན་པ་ཁས་ལེན་བྱ་སྲིད་པ་རེད། གལ་ཏེ་རྒྱ་གཞུང་གིས་རྒྱལ་སྤྱིའི་ཡར་རྒྱས་འཛུགས་སྐྲུན་ལ་སྣེ་ཁྲིད་པའི་དབང་དུ་བཏང་ན། ཡར་རྒྱས་འཛུགས་སྐྲུན་གྱི་ཐོབ་ཐང་བརྩོན་ལེན་གནང་མཁན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གི་དཔེ་མཚོན་རང་བཞིན་གྱི་ཡར་རྒྱས་འཛུགས་སྐྲུན་གྱི་ལེགས་ཉེས་གསལ་བོར་ཤེས་རྟོགས་གནང་རྒྱུ་གལ་ཆེན་པོ་རེད།

སྙན་ཐོ་འདིའི་ནང་གསལ་ལྟར། རྒྱ་གཞུང་གི་དམིགས་བྱ་དངོས་ནི་ཡར་རྒྱས་འཛུགས་སྐྲུན་གྱི་དཔེ་མཚོན་འུད་སྒྲོག་བྱེད་ཐབས་གཅིག་པུ་ཙམ་མིན་པར། ད་དུང་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་ཟེར་བ་དེ་འགྲོ་བ་མིའི་ཐོབ་ཐང་གི་གལ་ཆེའི་ངོ་བོར་སྒྱུར་ཐབས་སུ་འབད་བརྩོན་བྱེད་ཀྱི་ཡོད་པ་དང་། རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་ཐོབ་ཐང་གི་ལྟ་ཚུལ་དེས། རྒྱལ་སྤྱིའི་ཆབ་སྲིད་དང་། སྤྱི་དམངས། རིག་གཞུང་གི་གཞི་རྩའི་ཐོབ་ཐང་ཁག་ཚང་མ་དཔལ་འབྱོར་འཚོལ་སྒྲུབ་ཐོབ་ཐང་གི་མཐུན་རྐྱེན་འབའ་ཞིག་ཏུ་བསྒྱུར་བའི་ཉེན་ཚབས་བསླངས་ཡོད། དེར་མ་ཟད། དམར་ཤོག་སྲིད་གཞུང་ལྟེ་བར་འཛིན་པའི་རྒྱ་ནག་གི་ཡར་རྒྱས་འཛུགས་སྐྲུན་དང་དཔལ་འབྱོར་སྤྱི་སྙོམ་གྱི་གོང་འཕེལ་ཞེས་པའི་འུད་སྒྲོག་དེ་ནི། རྒྱལ་ཚོགས་ཀྱི་ཡར་རྒྱས་འཛུགས་ཐོབ་ཐང་ཐད་ཀྱི་ཡོངས་ཁྱབ་གསལ་བསྒྲགས་དང་རྦད་དེ་འགལ་བ་ལྟག་སྤྲོད་ཆགས་ཡོད། དོན་དངོས་སུ་ཉེ་ཆར་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་འོག་རྒྱ་གཞུང་གི་ལག་བསྟར་ལས་འཆར་དེ་དག་གིས། རྒྱལ་སྤྱིའི་ཁྲིམས་སྲོལ་ཁག་བསྒྱུར་བཅོས་གཏོང་ཐབས་དང་། ཡར་རྒྱས་འཛུགས་སྐྲུན་གྱི་ཐོབ་ཐང་དེ་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འགལ་བའི་རྒྱ་གཞུང་རང་གི་འགྲོ་བ་མིའི་ཐོབ་ཐང་གི་འགྲེལ་ལུགས་དང་བསྟུན་པའི་འདོད་མོས་བསྟན་ཡོད་པ་རེད།

སྙན་ཐོ་འདིའི་ནང་དུ་ད་དུང་། རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་ཟེར་བ་དེ་ནི། མི་དམངས་ཀྱི་འཚོ་གནས་དངོས་ལ་བསམ་བློ་མ་བཏང་བར་མགོ་མཇུག་འཆོལ་བའི་ལས་འཆར་རྣམ་གྲངས་མང་པོ་ལག་བསྟར་བྱས་པའི་རྐྱེན་གྱིས། ཟུར་ཕུད་དང་ནུས་མེད་བཟོས་པའི་མི་རིགས་ཁག་སྤྱིའི་ཐོབ་ཐང་བརྡལ་བཤིག་ཐེབས་པའང་གསལ་འདོན་བྱས་ཡོད། པེ་ཅིན་གཞུང་གིས་སྒྲིག་བཟོ་བྱས་པའི་རྒྱ་ནག་གི་ཡར་རྒྱས་འཛུགས་སྐྲུན་གྱི་ལས་འཆར་ཟེར་བ་ནི། དམར་ཤོག་སྲིད་གཞུང་གི་ཁེ་ཕན་དང་ཆབ་སྲིད་ལས་དོན་གཙོ་བོར་བཟུང་ནས། བོད་མིའི་འཚོ་གནས་ཡར་རྒྱས་གཏོང་རྒྱུ་ལས་ལྡོག་སྟེ་མི་རིགས་རྒྱ་སྒྱུར་བྱེད་ཐབས་ཤིག་ཡིན་པ་རེད། རྒྱ་གཞུང་གིས་བོད་བེད་སྤྱད་ནས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཡར་རྒྱས་འཛུགས་སྐྲུན་གྱི་དཔེ་མཚོན་ངོམ་སོ་བྱེད་ཀྱི་ཡོད་པ་དང་། བོད་ཡུལ་ནི་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་ལས་གཞིའི་ཚོད་ལྟ་ཁང་ལྟ་བུ་ཞིག་དང་། དེ་ག་ནང་བཞིན་ཕྱིའི་སྔོན་ཐོན་རྒྱལ་ཁབ་ཁག་གི་སྐུ་ཚབ་ཚོར་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་མངོན་འགྱུར་བྱུང་ལུགས་ཀྱི་རྣམ་པ་སྟོན་སའི་འགྲེམ་སྟོན་ཁང་ལྟ་བུ་ཆགས་ཡོད།

སྙན་ཐོ་འདིའི་ནང་འཁོད་ཀྱི་གལ་ཆེའི་གནས་ཚུལ་གཞན་ཞིག་ནི། རྒྱ་གཞུང་གིས་ནམ་ཞར་བོད་མི་ཚོས་སོ་སོ་ཡར་རྒྱས་གཏོང་འདོད་མེད་པའམ་འཕེལ་རྒྱས་ལ་སྤྲོ་སྣང་མེད་ལུགས་ཀྱི་རྫུན་གཏམ་འུད་སྒྲོག་ཇི་ལྟར་བྱས་ཀྱང་། བོད་མི་ཚོར་སོ་སོ་ཡར་རྒྱས་གཏོང་ཕྱོགས་ཀྱི་ཐབས་ཤེས་དང་ལྟ་ཚུལ་གཞིར་བཟུང་ནས་ཡར་རྒྱས་འཛུགས་སྐྲུན་བྱེད་པའི་འདོད་མོས་ཡོད་པ་གསལ་འདོན་བྱས་ཡོད།

སྙན་ཐོ་འདིའི་ནང་འཁོད་ཀྱི་སྐུལ་འདེབས་ཁག་གཞིར་བཟུང་ནས། གལ་ཏེ་རྒྱ་གཞུང་གིས་དངོས་གནས་དྲང་གནས་ཡར་རྒྱས་འཛུགས་སྐྲུན་གྱི་ལས་འཆར་ལག་བསྟར་བྱེད་ཚེ། བོད་ནང་དུ་གཏོར་བཅོམ་ཚབས་ཆེན་གཏོང་སྤྱད་བཙན་དབང་གི་ཡར་རྒྱས་འཛུགས་སྐྲུན་གྱི་ལས་གཞི་ལེགས་བཅོས་གཏོང་བའི་རེ་བ་ཡོད་པར་མ་ཟད། འཕེལ་རྒྱས་ཅན་གྱི་རྒྱལ་སྤྱིའི་སྤྱི་ཚོགས་དང་། འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཁག་གིས། རྒྱ་ནག་གཞུང་གིས་བོད་ནང་ཡར་རྒྱས་བཏང་ཡོད་མེད་ཀྱི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཡོང་བར་ཕན་པར་སྙམ།

གཤམ་གྱི་འབྲེལ་ཐག་བརྒྱུད་ནས་སྙན་ཐོ་ཆ་ཚང་ཕབ་ལེན་ལྟ་ཀློག་བྱེད་ཐུབ།