17/01/2021

མཁན་པོ་ཀརྨ་ཚེ་དབང་ལགས་ཀྱི་ཛ་དྲག་གནས་སྟངས་དང་ཁོང་གློད་བཀྲོལ་དགོས་པའི་འབོད་སྐུལ།

  •   
  •  
  •  
  •  
  •  
  •  
  •  

ད་ལྟའི་རྒྱ་གཞུང་གི་བོད་ས་བཅད་བགོས་ཀྱི་ས་ཁོངས་ལྟར་བྱས་ན། མཚོ་སྔོན་ཞིང་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ཇ་པ་དགོན་པའི་མཁན་པོ་ཀརྨ་ཚེ་དབང་ལགས། སྔར་ལོ་རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་རྗེས། ས་གནས་སེར་སྐྱ་མང་ཚོགས་ཀྱིས་མཚན་རྟགས་བསྡུ་རུབ་ཀྱི་འབོད་སྐུལ་དང་ཞི་བའི་གོམས་བགྲོད་སོགས་ཀྱི་ལམ་ནས།  མཁན་པོ་ཁོང་གློད་བཀྲོལ་དགོས་པའི་ཞུ་གཏུགས་རིམ་པར་བྱས་ཀྱང་།  དོན་ཕན་མ་བྱུང་བར་རྒྱ་གཞུང་གིས་ཁོང་མུ་མཐུད་འཇུ་བཟུང་བཀག་ཉར་བྱས་ཡོད་པ་ལྟར།  ད་ལྟའི་ཆར་ཁོང་གི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་འདུག

 

རྒྱ་གཞུང་གི་འཇུ་བཟུང་བཀག་ཉར་འོག་མནར་གཅོད་མྱོང་བཞིན་པའི་ཇ་པ་དགོན་པའི་མཁན་པོ་ཀརྨ་ཚེ་དབང་ལགས།
རྒྱ་གཞུང་གི་འཇུ་བཟུང་བཀག་ཉར་འོག་མནར་གཅོད་མྱོང་བཞིན་པའི་ཇ་པ་དགོན་པའི་མཁན་པོ་ཀརྨ་ཚེ་དབང་ལགས།

འདི་ག་ལྟེ་གནས་ཁང་ལ་གསར་དུ་མཁན་པོ་ཀརྨ་ཚེ་དབང་ལགས་ཀྱི་གནས་སྟངས་སྐོར་གནས་ཚུལ་འབྱོར་དོན།  ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༧ གྱི་དགོང་མོའི་ཆུ་ཚོད་གཅིག་གི་སྟེང་།  མཁན་པོ་ཀརྨ་ཚེ་དབང་ལགས་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཝུ་ཧི་ཚཱི་ས་ཁུལ་གྱི་མགྲོན་ཁང་ཞིག་ནང་སྡོད་སྐབས། ཆབ་མདོ་ཉེན་རྟོག་པས་ཞིང་ཆེན་ས་ཁོངས་བརྒལ་བའི་ཐོག་ནས་ཁོང་འཇུ་བཟུང་བཙན་ཁྲིད་རྗེས།  བདུན་ཕྲག་གཅིག་རིང་ས་གནས་དེར་ཡོད་པའི་ཆབ་མདོ་ཉེན་རྟོག་པའི་གཞུང་ལས་ཁང་ཞིག་ནང་བཀག་སྐྱིལ་དང་། ཕྱི་ཚེས་ ༡༤ ཉིན་ཆབ་མདོ་རུ་བཙན་ཁྲིད་བྱས་ཐོག  ཕྱི་ཚེས་ ༢༥ བར་ཁྲིམས་འགལ་ཐོག་ས་གནས་རྒྱལ་ཁབ་བདེ་འཇགས་ཀྱི་ལས་ཁུངས་ཤིག་ནང་གསང་བའི་ཐོག་བཀག་ཉར་གྱིས་གཅར་རྡུང་མནར་གཅོད་བྱས་ཡོད་འདུག

 

ད་ལྟའི་ཆར་ཁོང་ཆབ་མདོ་ཉེན་རྟོག་ལྟ་སྲུང་ཁང་དུ་མུ་མཐུད་བཀག་བསྐྱིལ་བྱས་ཡོད་པ་དང་། མཁན་པོ་ཁོང་ལ་གློ་བ་དང་མཆིན་པའི་ན་ཚ་ཡོད་སྟབས། ཉེ་བའི་ལོ་འགའི་སྔོན་ནས་བཟུང་སྨན་པའི་ལམ་སྟོན་ལྟར་ལོ་ཕྱེད་རེའི་མཚམས་སུ། ཁྲིན་ཏུའུ་སྨན་ཁང་དུ་ཕྱིན་ནས་ལུས་པོར་བརྟག་དཔྱད་ཀྱིས་སྨན་བཅོས་བྱེད་བཞིན་ཡོད་ཀྱང་། ཁོང་འཇུ་བཟུང་རྗེས་ད་ལྟའི་བར་སྨན་བཅོས་གང་ཡང་བྱེད་མ་བཅུག་པར། གྲང་འཁྱག་ཆེ་ལ་ཉི་འོད་མེད་པའི་བཀག་བསྐྱིལ་ཁང་ཞིག་ནང་མནར་གཅོད་བཏང་བར་བརྟེན་ནས། ད་ལྟའི་ཆར་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཏེ། སྒལ་གཞུང་ལ་ཟུག་གཟེར་རྒྱུགས་པ་དང་ལུད་པའི་ནང་ཁྲག་ཐོན་བཞིན་ཡོད་འདུག  

 

རྒྱ་གཞུང་གི་༼ཉེས་དོན་གཏུགས་བཤེར་བཅའ་ཁྲིམས་༽ཀྱི་དོན་ཚན་རེ་ལྔ་བའི་ནང་།  བཀག་བསྐྱིལ་འདྲི་གཅོད་དུས་བཅད་རྫོགས་ཀྱང་གྱོད་གཞི་ཐག་གཅོད་མ་བྱུང་བའི་རིགས་དང་། དོགས་ཡོད་ཉེས་ཅན་གང་དེར་ན་གཞི་ཚབ་ཆེན་ཕོག་ཡོད་པ་བཅས་ཀྱི་གནས་སྟངས་ལ་གཞིགས་ཏེ།  འབྲེལ་ཡོད་མི་སྣས་རེ་སྐུལ་ལྟར་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་། ཉེན་རྟོག་སྡེ་ཁག་བཅས་ཀྱིས།  འགན་ལེན་མི་སྣའི་ཁག་ཐེག་བརྒྱུད་མུ་མཐུད་བཀག་བསྐྱིལ་ཁང་དུ་སྡོད་མ་དགོས་པར་ནང་དུ་ལོག་རྗེས། སྡོད་གནས་དང་འགྲོ་བསྐྱོད་རང་དབང་ཚད་བཀག་འོག  ཁྲིམས་བཤེར་ཐག་གཅོད་ལ་སྒུག་སྡོད་བྱ་རྒྱུའི་ཁེ་དབང་སྤྲད་ཆོག་གི་ཡོད་སྟབས།

 

མཁན་པོ་ཀརྨ་ཚེ་དབང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་པའི་ཐད་ནས། ཁོང་གི་ཁྲིམས་རྩོད་པས་རྒྱ་གཞུང་གི་༼ཉེས་དོན་གཏུགས་བཤེར་བཅའ་ཁྲིམས༽དོན་ཚན་རེ་ལྔའི་གཏན་འབེབས་གཞིར་བཟུང་། མི་གཞན་གྱི་ཁག་ལེན་འོག་མུ་མཐུད་བཀག་ཉར་མནར་གཅོད་མྱོང་མ་དགོས་པའི་ཐོག་ནས་ཁྲིམས་བཤེར་ཡོང་བའི་༼ཁག་ལེན་ངང་སྒུག་ཁྲིམས་བཤེར༽བྱ་དགོས་པའི་རེ་འདུན་བཏོན་ཡོད་ཀྱང་།  ཆབ་མདོ་ཉེན་རྟོག་པས་མཁན་པོ་ཀརྨ་ཚེ་དབང་ལགས་ཀྱི་གྱོད་དོན་ནི། སྤྱི་ཚོགས་བརྟན་བརླིང་དང་འབྲེལ་བའི་གྱོད་དོན་གལ་ཆེན་ཞིག་ཆགས་ཡོད་པས། ༼ཁག་ལེན་ངང་སྒུག་ཁྲིམས་བཤེར་༽གྱི་ཁེ་དབང་སྤྲོད་རྒྱུ་མིན་པར་མུ་མཐུད་བཀག་སྐྱིལ་བྱ་རྒྱུ་ཡིན་སྐོར་བརྗོད་ནས་དེང་ལེན་བྱས་མེད་པ་མ་ཟད། ཁོང་ལ་ན་ཚའི་གནས་བབས་དང་བསྟུན་ནས་མཁན་པོ་ཁོང་ཉི་འོད་འཆར་སའི་བཀག་བསྐྱིལ་ཁང་ཞིག་ནང་གནས་སྤོར་གྱི་རེ་འདུན་བཏོན་པ་དེའང་། འབྲེལ་ཡོད་གྱོད་དོན་ཞིབ་བཤེར་སྡེ་ཁག་གིས་ངེས་བཀའ་མངགས་མེད་ཚེ་སྒྲུབ་མི་ཆོག་པས་མུ་མཐུད་དེ་གར་བཀག་བསྐྱིལ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

 

གཞན་ཡང་། ཉེས་མིང་གང་གི་འོག་མཁན་པོ་ཀརྨ་ཚེ་དབང་ལགས་འཇུ་བཟུང་བཀག་ཉར་བྱས་མིན་ཐད་ནས།  ཆབ་མདོ་ཉེན་རྟོག་པས་དང་ཐོག་༼རྒྱལ་ཁབ་བདེ་འཇགས་ལ་གཏོར་སྐྱོན་བཟོས་པའི་༽ཉེས་མིང་ཡིན་ཚུལ་དང་།  དེ་རྗེས་༼ཉེས་ཅན་འགེབས་སྲུང་བྱས་པའི༽ཉེས་མིང་ཡིན་སྐོར་སོགས་བརྗོད་དེ། དྲང་བདེན་དང་ཁྲིམས་མཐུན་པའི་ཐོག་ནས་ཉེས་མིང་འདྲ་མིན་ལ་ཁ་གཡར་ནས་ནག་ཉེས་འགེལ་ཐབས་དང་། ད་ལྟའི་བར་གཟུགས་པོར་ཁྲུས་ཐེངས་གཅིག་ཀྱང་རྒྱག་མ་བཅུག་པར་མི་གཞིའི་བརྩི་མཐོང་ལ་དམའ་འབེབས་མནར་གཅོད་གཏོང་བཞིན་པར་བརྟེན།  མཁན་པོའི་ནང་མི་དང་དགོན་པའི་གྲྭ་བཙུན། ས་གནས་དད་ལྡན་མང་ཚོགས་བཅས་ཀྱིས་མཁན་པོ་ཁོང་ལ་གདུང་མཉམ་སྐྱེད་ཆེད།  ཚང་མས་མཐུན་སྒྲིལ་དཔུང་བ་མཉམ་འདེགས་ཀྱི་སྒོ་ནས་མང་ཚོགས་ཡོངས་ཀྱིས་ཀྱང་སོ་སོའི་གཟུགས་པོར་ཁྲུས་རྒྱག་རྒྱུ་ཡིན་པོའི་ཞི་བའི་ངོ་རྒོལ་གནང་བཞིན་ཡོད་འདུག

 

བཙན་འཁྲིད་ཀྱིས་གར་ས་ཆ་མེད་གྱུར་བ།

 

མཁན་པོ་ཀརྨ་ཚེ་དབང་ལགས་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༧ ཉིན་ཆ་མདོ་ཉེན་རྟོག་པས་ཁྲིན་ཏུའུ་རུ་འཇུ་བཟུང་བྱས་རྗེས། བདུན་ཕྲག་གཅིག་རིང་མཁན་པོ་ཁོང་གར་སོང་ཡོད་ཆ་མེད་ཀྱི་གནས་སྟངས་ཆགས་ཡོད་པ་དང་། དེ་རྗེས་ཕྱི་ཚེས་ ༡༤ ཉིན་མཁན་པོ་ཁོང་ཆབ་མདོ་རུ་བཙན་འཁྲིད་བྱས་པ་ནས་བཟུང་ཕྱི་ཚེས་ ༢༥ བར། ཆབ་མདོ་ཉེན་རྟོག་སྡེ་ཁག་གིས་ཁོང་གི་ནང་མིར་མཁན་པོ་ཀརྨ་ཚེ་དབང་གང་དུ་བཀག་ཉར་བྱས་ཡོད་མེད་དང་། ཁོང་འཇུ་བཟུང་བྱེད་དགོས་པའི་རྒྱུ་མཚན་སོགས་གང་ཡང་གསལ་བཤད་བྱས་མེད་པ་རེད།  དེ་ལྟར་ཉིན་ ༡༨ རིང་གསང་བའི་ཐོག་འཇུ་བཟུང་བཀག་ཉར་བྱས་པའི་རིང་། རྒྱ་གཞུང་ཉེན་རྟོག་པས་མཁན་པོ་ཀརྨ་ཚེ་དབང་ལགས་ལ་གཅར་རྡུང་འདྲི་གཅོད་དྲག་པོ་དང་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་བར་བརྟེན་ནས། མཁན་པོ་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་པ་རེད།

 

རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་ལྟར་ན། རྒྱལ་འབངས་གང་ཞིག་རྒྱལ་ཁབ་གང་དེས་ཉེས་མིང་འོག་འཇུ་བཟུང་བཀག་ཉར་སྐབས། འཇུ་བཟུང་བཀག་ཉར་བྱས་པའི་གནས་ཚུལ་ཕྱིར་བསྒྲགས་མ་བྱས་པ་དང་།  ཁྲིམས་ཐོག་གི་སྲུང་སྐྱོབ་ཁེ་དབང་མ་ཐོབ་གར་སོང་ཆ་མེད་གྱུར་བའི་རིགས་ནི།  འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་ཁེ་དབང་བཙན་འཕྲོག་གི་ནག་ཉེས་བྱ་སྤྱོད་ཅིག་ཆགས་ཡོད་པ་དེ། ༼རོ་མཱ་རྒྱལ་སྤྱིའི་ཉེས་དོན་བཅའ་ཁྲིམས༽དོན་ཚན་བདུན་པ་དང་། ༼བཙན་ཁྲིད་འོག་གར་སོང་ཆ་མེད་གྱི་མནར་གཅོད་བཀག་སྡོམ་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས༽དོན་ཚན་གཉིས་པ་བཅས་ཀྱི་ནང་གསལ་བོར་བསྟན་ཡོད་པ་རེད།

 

མཁན་པོ་ཀརྨ་ཚེ་དབང་ལགས་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ཝུ་ཧི་ཚི་ས་ཁུལ་གྱི་མགྲོན་ཁང་ཞིག་ནང་སྡོད་སྐབས། ཆབ་མདོ་ཉེན་རྟོག་པས་ཞིང་ཆེན་ས་ཁོངས་བརྒལ་ཏེ་མཚན་ལ་འཇུ་བཟུང་བྱས་རྗེས། ཉིན་བཅུ་བདུན་རིང་མཁན་པོ་ཁོང་གར་ཡོད་ཀྱི་གནས་ཚུལ་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད། མཇུག་མཐར་མཁན་པོའི་ནང་མིས་ཁྲིམས་རྩོད་པ་གདན་ཞུས་ཐོག་ཁྲིམས་རྩོད་པས་ཁྲིམས་གཏུགས་བརྩད་གཅོད་བྱས་པ་བརྒྱུད་ནས།  ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༤ ཉིན་ཆབ་མདོ་ཉེན་རྟོག་པས་མཁན་པོ་ཀརྨ་ཚེ་དབང་ལགས་ཁྲིམས་ལུགས་གཞིར་བཟུང་ལྟ་སྲུང་ཁང་དུ་བཀག་ཉར་བྱས་མེད་པར།  ཁྲིམས་འགལ་ཐོག་ས་གནས་རྒྱལ་ཁབ་བདེ་འཇགས་སྡེ་ཁག་གི་ལས་ཁུངས་ཤིག་ནང་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་འདུག  དེ་རྗེས་ཁྲིམས་རྩོད་པས་མཁན་པོ་ཁོང་ལྟ་སྲུང་ཁང་དུ་གནས་སྤོར་བཀག་ཉར་དང་། ཁྲིམས་ལུགས་གཞིར་བཟུང་འདྲི་གཅོད་ཁྲིམས་ཞིབ་དགོས་པ།  མཁན་པོ་ཁོང་གི་ནང་མིར་ཁོང་འཇུ་བཟུང་དགོས་པའི་ཁྲིམས་ཐོག་གསལ་བཤད་ཡི་གེ་སྤྲོད་དགོས་པ་མ་ཟད། རྒྱ་ནག་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་མཁན་པོ་ཀརྨ་ཚེ་དབང་ལགས་ཀྱི་ནང་མི་ཁོང་ལ་ཐུག་འཕྲད་བྱེད་འཇུག་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།

 

རྒྱ་གཞུང་གི་ཉེས་དོན་གཏུགས་བཤེར་བཅའ་ཁྲིམས་དོན་ཚན་ ༦༥ ནང་། མི་གང་ཞིག་འཇུ་བཟུང་བཀག་ཉར་འོག་ཚུད་རྗེས།  ཆུ་ཚོད་ཉེར་ ༢༤ ནང་ཚུད་དུ་ཁོང་གི་ནང་མིར་གང་དུ་བཀག་ཉར་དང་འཇུ་བཟུང་ཉེས་མིང་བཅས་གསལ་བཤད་བྱ་དགོས་པ་གཏན་ལ་ཕབ་ཡོད་ལ།  དེ་བཞིན།  རྒྱ་གཞུང་གིས་ཡོངས་བསྒྲགས་ཐོག་རྒྱ་ནག་ནང་ཁྲིམས་འགལ་མནར་གཅོད་ཀྱི་གནས་སྟངས་མེད་སྐོར་རྒྱལ་སྤྱིའི་སྤྱི་ཚོགས་ལ་དྲིལ་བསྒྲགས་བཞིན་ཡོད་པ་རེད།  ཡིན་ནའང་།  ཆབ་མདོ་ཉེན་རྟོག་པས་མཁན་པོ་ཀརྨ་ཚེ་དབང་ལགས་གསང་བའི་ཐོག་འཇུ་བཟུང་བཀག་ཉར་གྱིས་གར་སོང་ཆ་མེད་དུ་གྱུར་ཡོད་པ་མ་ཟད། ཁོང་ལ་མི་སྤྱོད་ལས་འདས་པའི་གཅར་རྡུང་མནར་གཅོད་བཏང་ཡོད་པ་རེད།

 

རྒྱ་གཞུང་ཉེན་རྟོག་པས་དེ་ལྟར་མཁན་པོ་ཁོང་གསང་བའི་ཐོག་བཀག་ཉར་བྱེད་དགོས་པའི་དམིགས་ཡུལ་ནི།  མཁན་པོ་ཁོང་གི་ཁྲིམས་མཐུན་ཁེ་དབང་བཙན་འཕྲོག་དང་ཉེས་རྡུང་མནར་གཅོད་བཏང་བའི་ནག་ཉེས་བྱ་སྤྱོད་རྣམས་སྦོས་གསང་བྱ་ཐབས་ཡིན་པ་རེད།  དེར་བརྟེན།  རྒྱ་གཞུང་ཉེན་རྟོག་པས་ཉིན་ ༡༨ རིང་མཁན་པོ་ཀརྨ་ཚེ་དབང་ལགས་གསང་བའི་ཐོག་འཇུ་བཟུང་བཀག་ཉར་མནར་གཅོད་བཏང་བའི་གནས་སྟངས་དེ་ནི།  རྒྱ་གཞུང་གི་བཅའ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ལུགས་བཅས་རྡོག་རོལ་བཏང་བ་ཞིག་ཆགས་ཡོད།

མི་སྤྱོད་ལས་འདས་པའི་མནར་གཅོད་དང་འགྲོ་བ་མིའི་བརྩི་མཐོང་ལ་དམའ་འབེབས།

 

མཁན་པོ་ཀརྨ་ཚེ་དབང་གི་ཁྲིམས་རྩོད་པས་གཏུགས་བཤེར་རེ་སྐུལ་བརྒྱུད།  ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༥ ཉིན། མཁན་པོ་ཁོང་ཆབ་མདོ་ཉེན་རྟོག་པའི་ལྟ་སྲུང་ཁང་དུ་གནས་སྤོར་བཀག་ཉར་བྱས་རྗེས།  ད་ལྟའི་བར་དུ་ཁོང་དེ་གར་བཀག་ཉར་ལྟ་སྲུང་འོག་གནས་ཡོད་ཀྱང་།  ལྟ་སྲུང་ཁང་ནང་དུའང་མུ་མཐུད་ཁོང་གི་འགྲོ་བ་མིའི་རྩིས་མཐོང་ལ་དམའ་འབེབས་གཉའ་གནོན་དང་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་བཞིན་ཡོད་འདུག

 

སྤྱིར་རྒྱ་གཞུང་གི་༼བཙོན་པའི་ཁེ་དབང་བཅའ་ཁྲིམས༽དོན་ཚན་ ༢༢ པའི་ནང་། བཀག་ཉར་འོག་ཡོད་པའི་བཙོན་པ་རྣམས་ལ་གཞི་རྩའི་ལུས་ཕུང་བདེ་ཐང་གི་སྨན་བཅོས་ལྟ་སྐྱོང་ཐོབ་དགོས་སྐོར་དང་། དེ་བཞིན། རྒྱ་གཞུང་གིས་ངོས་ལེན་མིང་རྟགས་བཀོད་ཟིན་པའི་༼དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཀྱི་འགྲོ་མིའི་ཁེ་དབང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས༽དོན་ཚན་ ༡༢ པའི་ནང་དུའང་། རྒྱལ་སྤྱིའི་ཚད་ལྡན་གནས་ཚད་གཞིར་བཟུང་སྤྱི་དམངས་ཀྱི་ལུས་ཕུང་འཕྲོད་བསྟེན་བདེ་ཐང་ལ་སྲུང་སྐྱོབ་བྱ་དགོས་པ་གཏན་ལ་ཕབ་ཡོད་པ་རེད།

 

མཁན་པོ་ཀརྨ་ཚེ་དབང་ལགས་འཇུ་བཟུང་མ་བྱས་པའི་ཡར་སྔོན་ནས་བཟུང་།  ཁོང་ལ་གློ་བ་དང་མཆིན་པའི་ན་ཚ་བྱུང་ཡོད་པར་བརྟེན།  དུས་རྒྱུན་ནད་གཞིར་བརྟག་དཔྱད་ཀྱིས་སྨན་བཅོས་གནང་དགོས་ཀྱི་ཡོད་པ་རེད། ཡིན་ནའང་། ད་ལྟ་ཁོང་འཇུ་བཟུང་བཀག་ཉར་འོག་ཚུད་དེ་ཟླ་གསུམ་ལྷག་འགྲོ་བཞིན་པའི་དུས་ཡུན་རིང་། རྒྱ་གཞུང་ཉེན་རྟོག་པས་ཁོང་ལ་སྨན་བཅོས་བརྟག་དཔྱད་ཀྱི་ཐོབ་ཐང་སྤྲད་མེད་པ་མ་ཟད། ཐ་ན་རྒྱུན་བསྟེན་གྱི་སྨན་རྣམས་ཀྱང་འཐུང་བཅུག་མེད་པ་རེད། བྱ་སྤྱོད་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་གཏན་འབེབས་དང་འགལ་ཡོད་ལ།  རྒྱ་གཞུང་རང་ཉིད་ཀྱི་ཁྲིམས་ཐོག་གི་འགན་ལེན་དང་རྒྱབ་འགལ་ཆགས་ཡོད།

 

མཁན་པོ་ཀརྨ་ཚེ་དབང་བཀག་སྐྱིལ་བྱ་སའི་བཙོན་ཁང་དེའི་ནང་ཉི་འོད་མེད་པ་དང་ཧ་ཅང་གྲང་འཁྱག་ཆེ་བ་མ་ཟད།  ཉིན་རེར་ཟས་ཐུན་གཅིག་མ་གཏོགས་སྤྲོད་ཀྱི་མེད་ལ། ཟས་ཐུན་གཅིག་པུ་ཡང་འབྲས་ཉུང་ཉུང་ཞིག་དང་རྩ་ལྡུམ་གྱི་ཁུ་བ་ཙམ་ལས་མེད་པ་རེད།  དེར་མ་ཟད་ནང་མིའི་ངོས་ནས་ཀྱང་བཙོན་ཁང་ནང་རྩམ་སྐྱ་མ་གཏོགས་ཟས་རིགས་གཞན་སྐྱེལ་ཆོག་གི་མེད་འདུག  དེ་འདྲའི་མཐུན་རྐྱེན་སྐྱོ་བོའི་བཀག་ཉར་མནར་གཅོད་འོག་སྡོད་དགོས་བྱུང་ཡོད་སྟབས། ད་ལྟའི་ཆར་མཁན་པོ་ཁོང་གི་གཟུགས་པོའི་ནད་གཞི་ཇེ་སྡུག་ཏུ་ཕྱིན་ཏེ།  སྒལ་བར་ཟུག་གཟེར་རྒྱག་པ་དང་ལུད་པའི་ནང་ཁྲག་ཐོན་གྱིན་ཡོད་འདུག

 

རྒྱ་གཞུང་ཉེན་རྟོག་པས་མཁན་པོ་ཀརྨ་ཚེ་དབང་ལགས་ལ་སྨན་བཅོས་ཐོབ་ཐང་སྤྲོད་ཀྱི་མེད་པ་དང་། བགྲེས་སྐོམ་དང་གྲང་འཁྱག་གི་མནར་གཅོད་གཏོང་བཞིན་པ།  ཐ་ན། འདས་པའི་ཟླ་བ་གསུམ་ལྷག་གི་བཀག་བསྐྱིལ་དུས་ཡུན་ནང་བཙན་དབང་གིས་མཁན་པོ་ཁོང་ལ་གཟུགས་པོ་ཁྲུས་ཐེངས་གཅིག་ཀྱང་རྒྱག་བཅུག་མེད་པ་རེད།  དེ་ནི་རྒྱ་གཞུང་ཉེན་རྟོག་པས་ཆེད་དམིགས་ཁོང་གི་འགྲོ་བ་མིའི་གཞི་རྩའི་རྩིས་མཐོང་ལ་ཁྱད་གསོད་དམའ་འབེབས་བྱས་པ་ཞིག་ཆགས་ཡོད་ལ།   རྒྱ་གཞུང་རང་ཉིད་ཀྱིས་ངོས་ལེན་མིང་རྟགས་བཀོད་ཟིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བསྒྲགས་གཏམ་དང་། སྤྱི་དམངས་ཁེ་དབང་དང་ཆབ་སྲིད་ཁེ་དབང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་བཅས་དང་འགལ་བའི་མི་སྤྱོད་ལས་འདས་པའི་ནག་ཉེས་བྱ་སྤྱོད་ཅིག་ཆགས་ཡོད།

 

དེར་བརྟེན། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས།  རྒྱ་གཞུང་ཉེན་རྟོག་པས་མཁན་པོ་ཀརྨ་ཚེ་དབང་ལགས་ལ་མི་སྤྱོད་ལས་འདས་པའི་ཁྲིམས་འགལ་གྱི་མནར་གཅོད་གཏོང་རྒྱུ་མཚམས་འཇོག་དགོས་པ་མ་ཟད།  ཁོང་གི་གཟུགས་པོར་སྨན་བཅོས་མཐུན་རྐྱེན་གྱི་ཁེ་དབང་སྤྲོད་དགོས་པ་དང་། ཁོང་གི་འགྲོ་བ་མིའི་རྩིས་མཐོང་ལ་ཆ་འཇོག་ཡོད་པའི་སྒོ་ནས་གཟུགས་པོར་ཁྲུས་རྒྱག་རྒྱུའི་ཆེས་གཞི་རྩའི་ཁེ་དབང་གི་གཙོས་པའི།  ཁྲིམས་ཐོག་གི་འགྲོ་མིའི་ཁེ་དབང་སྲུང་སྐྱོབ་རྣམས་ཐོབ་ཐབས་སུ།  རྒྱལ་སྤྱིའི་ཚོགས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུའི་རེ་སྐུལ་དང་།   དེ་བཞིན།  རྒྱ་ཆེའི་ཚོགས་སྡེ་དང་མི་སྒེར་ཡོངས་ཀྱིས་གཤམ་འཁོད་ཆབ་མདོ་ཉེན་རྟོག་ལྟ་སྲུང་ཁང་གི་ཁ་པར་ཨང་གྲངས་ཐོག་ཁ་པར་ཕུལ་ཏེ།  མཁན་པོ་ཀརྨ་ཚེ་དབང་ལགས་ལ་གཟུགས་པོར་ཁྲུས་རྒྱག་རྒྱུའི་ཆེས་དམའ་རིམ་གྱི་འགྲོ་བ་མིའི་ཁེ་དབང་ངེས་པར་སྤྲོད་དགོས་པའི་གནོན་ཤུགས་སྤྲོད་རོགས།

ཆབ་མདོ་ཉེན་རྟོག་ལྟ་སྲུང་ཁང་གི་ཁ་པར་ཨང་གྲངས།   0086-0895    4821  803