14/04/2021

བོད་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་མི་ལོ་ལྔ་ཡི་རྗེས་སུ་གློད་རྗེས་འབྲེལ་གཏུག་མ་ཐུབ་པར་ལྷག་ཡོད།

  •   
  •  
  •  
  •  
  •  
  •  
  •  
Tashi Wangchuk, photo credit: Pen.org

རྒྱ་གཞུང་གིས་བོད་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལ་ “རྒྱལ་ཁབ་ཁ་བྲལ་གྱི་སྐུལ་སློང་” བྱས་པའི་ནག་ཉེས་བཙན་འགེལ་འོག་མི་ལོ་༥ ཡི་བཙོན་ཐག་བཅད་པ་དང་། ཁ་སང་བཙོན་འཇུག་གི་དུས་ཡུན་ཚང་ནས་ཁོང་གློད་གྲོལ་བཏང་སྟེ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོང་གི་གཅེན་མོའི་ཁྱིམ་དུ་འབྱོར་བའི་གནས་ཚུལ་ཐོན་ཡོད་ནའང་། ཁོང་གི་ཁྲིམས་རྩོམ་པར་འབྲེལ་གཏུག་མ་ཐུབ་པར་ལྷག་ཡོད།
ཕྱི་ལོ་༢༠༡༦ ཟླ་༡ ཚེས་༢༧ ཉིན་ནེའུ་ཡོག་དུས་བབ་ཀྱིས། བཀྲ་ཤིས་དབང་ཕྱུག་ནས་རྒྱ་ནག་ས་གནས་སྲིད་གཞུང་གིས་བོད་སྐད་ཡིག་རིག་གཞུང་དར་སྤེལ་དང་སྲུང་སྐྱོབ་འཐུས་ཤོར་གཏོང་གིན་པའི་གནས་ཚུལ་གོང་རིམ་ལ་ཞུ་གཏུག་བྱས་པའི་སྐོར་གྱི་བརྙན་ཐུང་ཞིག་བརྒྱུད་ལམ་དུ་སྤེལ་རྗེས། རྒྱ་གཞུང་གིས་བཀྲ་ཤིས་དབང་ཕྱུག་གང་བྱུང་བཀག་ཉར་གྱིས་ཧ་ལམ་འདས་བའི་མི་ལོ་༢ རིང་གཅར་རྡུང་གི་མནར་གཅོད་བཏང་བ་རེད།
ཁྲིམས་རྩོད་པ་ལིན་ཞའོ་ཅིན་(Liang Xiaojun)གྱིས་སྒེར་གྱི་བྱ་སྐད་སྟེང་དུ་བཀྲ་ཤིས་དབང་ཕྱུག་གློད་གྲོལ་གྱི་གནས་ཚུལ་སྤེལ་བའི་ནང་། མཚོ་སྔོན་ཞིང་ཆེན་ཁྲི་འདུ་རྫོང་ས་གནས་ཁྲིམས་འཛིན་ལས་ཁུངས་ཀྱི་མི་སྣས་བཀྲ་ཤིས་དབང་ཕྱུག་ཡུལ་ཤུལ་དུ་བསྐྱེལ་ནས། ད་ལྟ་ཁོང་གི་གཅེན་མོའི་ཁྱིམ་དུ་འབྱོར་ཡོད་པ་དང་། ནང་མི་ཚོས་ཁོང་གི་སྐུ་གཟུགས་བདེ་ཐང་ཡིན་པར་བཤད་སོང་སྐོར་བཀོད་ཡོད།
ཡིན་ནའང་ཁྲིམས་རྩོད་པ་ལིན་ལ་བཀྲ་ཤིས་དབང་ཕྱུག་གི་འདྲ་པར་འབྱོར་ཐུབ་མེད་པ་དང་ཐད་ཀར་ཁོང་གི་ནང་མིར་འབྲེལ་གཏུག་མ་ཐུབ་པར། ཁོང་གིས། “བཀྲ་ཤིས་དབང་ཕྱུག་ལ་རང་དབང་ཆ་ཚང་ཡོད་མེད་ཤེས་རྟོགས་མ་བྱུང་།” ཞེས་བརྗོད་ཡོད།
བཀྲ་ཤིས་དབང་ཕྱུག་བཙོན་གྲོལ་བཏང་ཡོད་ནའང་། རྒྱ་གཞུང་གིས་ཁོང་ལ་མི་ལོ་༥ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཁར་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་ཡོད་པ་དང་། དེ་ནི་ཁོང་གློད་གྲོལ་བཏང་བའི་ཉིན་མོ་ནས་བརྩི་ཡི་ཡོད་པ་རེད། རྒྱ་གཞུང་གི་ཁྲིམས་ཆད་ཁར་ད་དུང་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་ནས། སྤྱི་དམངས་ཀྱི་འོས་མི་དང་འོས་འདེམ་གྱི་ཐོབ་ཐང་། སྨྲ་བརྗོད་རང་དབང་། གསར་འགོད་རང་དབང་། འདུ་འཛོམ་རང་དབང་། ཚོགས་འབྲེལ་རང་དབང་། རྔམ་སྟོན་ཁྲོམ་སྐོར་གྱི་རང་དབང་། དེ་བཞིན་རྒྱལ་ཁབ་ཀྱི་ལས་གནས་དང་། གཞུང་འབྲེལ་ཁེ་ལས་སྡེ་ཁག སྒྲིག་འཛུགས་དང་ཚོགས་སྡེ་ཁག་བཅས་ཀྱི་ལས་སྒོར་ཞུགས་པའི་ཐོབ་ཐང་སོགས་བཙན་འཕྲོག་དང་དམ་དྲག་བྱས་པ་དེས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་ཁག་རྩིས་མེད་བརྡལ་བཤིག་བཏང་བ་མངོན་གསལ་ཆགས་ཡོད། བཀྲ་ཤིས་དབང་ཕྱུག་ལ་རྒྱ་གཞུང་གི་ཉེས་དོན་བཅའ་ཁྲིམས་ཀྱི་ཆབ་སྲིད་ཐོབ་ཐང་བཙན་འཕྲོག་གཞིར་བྱས་མི་ལོ་༥ ཡི་ཁྲིམས་ཆད་བཙན་འགེལ་བྱས་ཡོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཆེད་མཁས་པ་དྲུག་ནས་བཀྲ་ཤིས་དབང་མྱུར་དུ་གློད་གྲོལ་གཏོང་དགོས་པ་དང་ཁོང་ལ་བཙུགས་པའི་བསྙོན་འཛུགས་རིགས་ཚང་མ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་ཞུས་ཀྱང་། རྒྱ་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལ་ནག་ཉེས་བཙན་འགེལ་གྱིས་བཙོན་འཇུག་བྱས་པ་རེད། དེ་ཡང་ཕྱི་ལོ་༢༠༡༧ ཟླ་༡༢ བའི་ནང་རྒྱལ་ཚོགས་ཀྱི་གང་བྱུང་བཀག་ཉར་སྔོན་འགོག་ལས་དོན་ཚན་པའི་ངོས་ནས། རྒྱ་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་རྩིས་མེད་རྡོག་རོལ་བཏང་སྟེ་བཀྲ་ཤིས་དབང་ཕྱུག་གང་བྱུང་བཀག་བསྐྱིལ་བྱས་པར་ངོས་འཛིན་གནང་བ་དང་། ཕྱི་ལོ་༢༠༡༨ ལོར་གོང་ཞུས་ཆེད་མཁས་པས། བཀྲ་ཤིས་དབང་ཕྱུག་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་བརྗོད་པའི་རྐྱེན་གྱིས། རྒྱ་གཞུང་གིས་ཁོང་གི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་རྡོག་རོལ་བཏང་ནས་ཁོང་བཙོན་འཇུག་བྱས་པར་སྐྱོན་བརྗོད་གནང་ཡོད། དེ་ཡང་མ་ཟད། རྒྱལ་ཚོགས་ཀྱི་ཆེད་མཁས་པས་ད་དུང་རྒྱ་གཞུང་ལ་ “བོད་མི་རིགས་ཀྱི་སྐད་རིག་གཞུང་གི་ཐོབ་ཐང་སྲུང་སྐྱོབ་དང་ཡར་རྒྱས་ཇི་ལྟར་བཏང་མིན་”སྐོར་འདྲི་ཞིབ་གནང་སྐབས། རྒྱ་གཞུང་གིས་ཁོང་ཚོར་འདོད་བློ་ཁེངས་པའི་དྲིས་ལན་ཅི་གང་མ་བཏབ་པའི་གནས་སྟངས་ཐེར་འདོན་གནང་ཡོད།
ད་ཆར་བཀྲ་ཤིས་དབང་ཕྱུག་དང་ཁོང་གི་ཁྲིམས་རྩོད་པའི་དབར་འབྲེལ་གཏུག་མ་ཐུབ་པའི་གནས་སྟངས་དེས། ཁོང་གཅེན་མོའི་ཁྱིམ་དུ་བཟང་བཙོན་གྱིས་དོགས་ཟོན་མྱུལ་ཞིབ་བཤུགས་ཆེར་བཏང་བར་བདེན་དབང་བྱས་ཡོད།
རྒྱ་གཞུང་གིས་བཀྲ་ཤིས་དབང་ཕྱུག་དང་འདྲ་བའི་བོད་དོན་ལས་འགུལ་བ་ཚོར་འཛིན་པའི་བསམ་སྦྱོར་དེ་དག་ནི། མི་རིགས་རྒྱ་སྒྱུར་ལས་འགུལ་གྱི་བསམ་སྦྱོར་དང་གཅིག་མཚུངས་ཡིན་པ་དང་། ལས་འགུལ་དེས་ཆབ་སྲིད་སློབ་གསོའི་ལས་འགུལ་དང་འབྲེལ་བའི་འཛིན་བཟུང་བཙོན་འཇུག་དང་། མི་རིགས་ཀྱི་སྐད་ཡིག་སློབ་གསོ་མེད་པར་བཟོ་ཐབས། ཆོས་ལུགས་དད་མོས་ལ་དྲག་གནོན་དང་སྤྱི་ཚོགས་རིག་གཞུང་གི་གནད་དོན་དང་འབྲེལ་ནས་སྲིད་གཞུང་གི་ཆབ་སྲིད་ལྟ་སྤྱོད་མི་མཐུན་མཁན་དང་དེ་འབྲེལ་གྱི་ལས་འགུལ་བ་ཚོར་སྡང་འཛིན་གནོད་འཚེ་གཏོང་བ་སོགས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་ཐེབས་ཡོད།
འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་བཀྲ་ཤིས་དབང་ཕྱུག་གི་ཐོབ་ཐང་དམ་དྲག་རིགས་ཚང་མ་ཕྱིར་འཐེན་བྱས་ནས། དོགས་ཟོན་མྱུལ་ཞིབ་མེད་པར་ཁོང་གི་ཁྲིམས་རྩོད་པ་དང་ཉེ་འབྲེལ་ཚོར་འབྲེལ་གཏུག་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་གཏོང་གི་ཡོད། རྒྱ་གཞུང་གིས་ངེས་པར་དུ་བཀྲ་ཤིས་དབང་ཕྱུག་གི་ད་ལྟའི་དངོས་ཡོད་གནས་སྟངས་གསང་རྒྱར་མི་སྡོམ་པ་དང་། འགོག་རྐྱེན་མེད་པར་ཁོང་ལ་དུས་ཐོག་སྨན་བཅོས་ལྟ་སྐྱོང་དང་རམ་འདེགས་ཀྱི་ཐབས་ཤེས་གཞན་འཐེན་དུ་འཇུག་དགོས། རྒྱ་གཞུང་ལ་རྒྱལ་སྤྱིའི་ཁྲིམས་ཡིག་གཞིར་བཟུང་ཁས་ལེན་དང་ལག་བསྟར་ཆོག་མཆན་འཁོད་པའི་འགྲོ་བ་མིའི་ཐོབ་ཐང་གི་ཆིངས་ཡིག་ཁག་དང་བསྟུན་ནས། བོད་མིའི་གཞི་རྩའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་དབང་། བོད་མིའི་སྲིད་དོན་དང་རིག་གཞུང་། སྐད་ཡིག་དང་ངོ་བོ་སྲུང་སྐྱོབ་དང་ཡར་རྒྱས་གཏོང་བ་བཅས་ཀྱི་འགན་ཡོད།