20/10/2020

བོད་ལ་རང་དབང་མ་ཐོབ་བར་དུ་ཞི་རྒོལ་བྱེད། བོད་དོན་ལས་འགུལ་བ་བཀྲ་ཤིས་རྡོ་རྗེ།

  •   
  •  
  •  
  •  
  •  
  •  
  •  

“འདི་གར་ཇི་འདྲ་སྐྱིད་རུང་། ང་ཚོར་སོ་སོའི་རང་ཡུལ་དུ་འབོད་པའི་ལུང་པ་མེད་དུས། ང་ཚོ་མིའི་ལུང་པར་སྡོད་དགོས་བྱུང་བ་རེད། འདི་ནི་ང་ཚོས་ཞི་རྒོལ་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་གཙོ་བོ་རེད་སྙམ། གལ་ཏེ་ང་ཚོས་རྡོག་རྩ་གཅིག་སྒྲིལ་གྱིས་ཞི་རྒོལ་གནང་ན། ང་ཚོའི་ཕུགས་འདུན་འགྲུབ་ངེས་པས། ང་ཚོས་ཞི་རྒོལ་བྱེད་དོན་གཙོ་བོ་དེ་ག་རང་ཡིན་པ་རེད།”

“ཐ་ན་ངས་རང་གི་བྱིས་པ་ཚོར་ཡང་། བོད་རང་དབང་མ་ཐོབ་བར་དུ་ངས་མུ་མཐུད་ནས་ཞི་རྒོལ་བྱེད་ངེས་ཡིན། ཞེས་བཤད་ཀྱི་ཡོད།”

གཟའ་འཁོར་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བཀྲ་ཤིས་རྡོ་རྗེ་ནི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་དང་། རྡ་ས་ས་གནས་གྲོས་ཚོགས་ཀྱི་ཚོགས་མི་ཟུར་བ་ཡིན་པར་མ་ཟད། འདས་པའི་མི་ལོ་༡༨ ཙམ་རིང་ཁོང་གིས་བརྒྱ་དཔོན་གྱི་ཕྱག་ལས་གནང་མྱོང་བ་རེད། བོད་དོན་ལས་འགུལ་བ་ཞིག་ཡིན་པའི་ཆ་ནས། གནས་ཡུལ་རྒྱ་གར་ནང་བཀྲ་ཤིས་རྡོ་རྗེ་བོད་མིའི་ཞི་རྒོལ་ལས་འགུལ་སྣ་ཚོགས་ནང་མཉམ་ཞུགས་ཀྱིས་ཐེངས་འགར་བཀག་ཉར་ཐེབས་པ་རེད།

བཀྲ་ཤིས་རྡོ་རྗེ་ཐེངས་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་ཀྱིས་རྒྱ་གཞུང་ལ་འབོད་སྐུལ་གནང་དོན།

༡༽ ཞི་བའི་འདུ་འཛོམ་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་རྩ་འཛིན་དང་འགལ་བའི་རྒྱ་གཞུང་གི་ལག་བསྟར་སྲིད་ཇུས་ཁག་མྱུར་དུ་མཚམས་འཇོག་དགོས།

༢༽ ཞི་རྒོལ་བར་བཙན་དབང་གིས་དྲག་གནོན་དང་བཀག་བསྐྱིལ་བྱེད་ཐབས་ཀྱི་སྲིད་ཇུས་མེད་པར་བཟོ་དགོས།

༣༽ ཞི་རྒོལ་བ་གང་བྱུང་བཀག་ཉར་དང་མནར་གཅོད་གཏོང་མཁན་སྲིད་གཞུང་གི་དཔོན་རིགས་ཚོར་ཉེས་ཆད་འགེལ་དགོས།

༤༽ བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་དང་། སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་གཉིས་ལ་ལག་བསྟར་ཆོག་མཆན་འགོད་དགོས།

༥༽ ཞི་བའི་འདུ་འཛོམ་དང་ཚོགས་འཛུགས་རང་དབང་གི་ཐོབ་ཐང་ཐད་ཀྱི་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་གདད་ཞུ་ཞུས་ནས། ད་ལྟའི་བོད་ནང་གི་ཞི་བའི་འདུ་འཛོམ་རང་དབང་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་རྒྱུས་ལོན་བྱེད་དུ་འཇུག་དགོས།

ཕྱི་ཟླ་༥ ཚེས་༣ ཉིན་ནས་འདི་ག་ལྟེ་གནས་ཁང་གིས་ཞི་རྒོལ་ཐོབ་ཐང་གི་ལས་འགུལ་འགོ་བཙུགས་ཏེ། བོད་མིའི་ཞི་རྒོལ་སྙིང་སྟོབས་དང་སེམས་ཤུགས་བཅས་མཚོན་པའི་བྱུང་རིམ་ལོ་རྒྱུས་འགྲེམ་སྤེལ་གྱིས། ད་ཆར་རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་གི་གོ་སྐབས་བེད་སྤྱད་ནས། བོད་ནང་དུ་ཞི་བའི་ཐོག་ནས་འདོད་མོས་མེད་པའི་རྣམ་འགྱུར་ཇི་འདྲ་ཞིག་བསྟན་ནའང་། དེ་ལ་ཚབས་ཆེའི་དྲག་གནོན་དང་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་སྦེད་ཐབས་ཀྱི་སྒྲིབ་གཡོག་བཤུས་ཏེ། བོད་མིའི་སྨྲ་བརྗོད་རང་དབང་གསལ་འདོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

འདི་ལོའི་ཕྱི་ཟླ་༡༢ ཚེས་༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་བར་དུ། ཐེངས་འདིའི་ལས་འགུལ་བརྒྱུད་བོད་དོན་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་མི་སྣ་༣༠ ཡི་རེ་འདུན་དང་བློ་སྤོབས། ཞི་རྒོལ་བཅས་ཀྱི་གནས་ཚུལ་རིམ་པར་སྤེལ་འཆར་ཡོད།