16/12/2019

བོད་རིགས་བུད་མེད། འཚེ་བའི་མྱོང་ཚོར་གསལ་བརྗོད། རྒྱལ་སྤྱིའི་བུད་མེད་ལ་འཚེ་བ་གཏན་འགོག་ཉིན་མོ་སྲུང་བརྩི་ནས་འགོ་བཙུགས་ཏེ། ཉིན་༡༦ རིང་བུ་མོ་དང་བུད་མེད་ལ་འཚེ་བ་འགོག་ཐབས་ལས་འགུལ།

  •   
  •  
  •  
  •  
  •  
  •  
  •  

ཕྱི་ཟླ་༡༡ པའི་ཚེས་༢༥  ཉིན་ནས་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། གནས་ཡུལ་རྒྱ་གར་གྱི་བཞུགས་སྒར་དྷ་རམ་ས་ལར་ཉིན་༡༦ རིང་བུ་མོ་དང་བུད་མེད་ལ་འཚེ་བ་འགོག་ཐབས་ལས་འགུལ་དབུ་འཛུགས་བྱས་ཡོད།

དུས་ཡུན་ཉིན་གྲངས་༡༦ རིང་གི་ལས་འགུལ་འདི་ཕྱི་ཟླ་༡༡ པའི་ཚེས་༢༥ ཉིན་ཏེ་རྒྱལ་སྤྱིའི་བུད་མེད་ལ་འཚེ་བ་གཏན་འགོག་ཉིན་མོ་སྲུང་བརྩི་ནས་འགོ་བཙུགས་ཏེ། ཕྱི་ཟླ་༡༢ བའི་ཚེས་༡༠ ཉིན་ཏེ་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་མཇུག་བསྡུ་འཆར་ཡོད།

ཉིན་༡༦ གི་ལས་འགུལ་རིང་ཉིན་རེར་བོད་རིགས་བུ་མོ་དང་བུད་མེད་རྣམས་ནས་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བའི་མྱོང་ཚོར་སྐོར་གྱི་བརྙན་ཐུང་རེ་སྤེལ་འཆར་ཡོད་ལ། བརྙན་ཐུང་དེ་དག་གནས་ཡུལ་རྒྱ་གར་གྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འཚེ་བ་ཐེབས་པའི་བོད་རིགས་བུ་མོ་དང་བུད་མེད་རྣམས་ཀྱི་མྱོང་ཚོར་སྐོར་ཡིན། བརྙན་ཐུང་དེ་དག་གི་ནང་དུ་ཕོ་མོ་དབྱེ་འབྱེད་གཞིར་བྱས་བུད་མེད་ལ་འཚེ་བའི་རིགས་གསལ་སྟོན་བྱས་ཡོད་ལ། དེ་ནི་བོད་རིགས་བུད་མེད་རྣམས་ནས་སོ་སོར་ཐེབས་པའི་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་དང་ནག་ཉེས་རིགས་གསོང་བོར་བརྗོད་པར་སེམས་སྐུལ་གཏོང་བར་དམིགས་པ་ཡིན།

ཐེངས་འདིའི་ལས་འགུལ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་མར་༸དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ནས་བྱམས་བརྩེ་དང་སྙིང་རྗེ་སྐོར་ལ་གནང་བའི་བརྙན་ལམ་བཀའ་སློབ་གཟིགས་འབུལ་ཞུ་རྒྱུ་དང་། དེའི་འཕྲོར་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་ཐེབས་པའི་མྱོང་ཚོར་གསོང་བོར་བརྗོད་མཁན་ཏེ། ང་ཚོས་མིག་དཔེར་འཛིན་འོས་པའི་བོད་རིགས་བུད་མེད་ཀུན་བཟང་སྒྲོལ་མའི་བརྙན་ལམ་གཏམ་བཤད་གཟིགས་འབུལ་ཞུ་རྒྱུ་ཡིན། ཀུན་བཟང་སྒྲོལ་མས་བརྩམས་པའི་<<རྡེའུ་འབུམ། བོད་རིགས་བུད་མེད་དཀྱུས་མ་ཞིག་གི་བསམ་ཡིད་ལས་འདས་པའི་མི་ཚེ་འགྲུལ་བཞུད།>>ཞེས་པའི་དཔེ་དེབ་ནང་དུ་ཁོང་མོའི་མི་ཚེ་ལོ་རྒྱུས་དངོས་གསོང་བོར་བརྗོད་ཡོད་པ་རེད།

སྐུ་མགྲོན་གཙོ་བོ་དྷ་ས་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་ལྕམ་ར་ཇ་ནེ་ཝེ་ཡ་སི་མཆོག་ཡིན་པ་དང་། ཁོ་མོས་འདས་པའི་མི་ལོ་༡༥ ལྷག་རིང་ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ཐོབ་ཐང་སྐོར་ལ་ཕྱག་ལས་གནང་ཡོད་པ་རེད། ལྕམ་ཝེ་ཡ་སི་མཆོག་ནས། བུད་མེད་ལ་འཚེ་བའི་དཀའ་རྙོག་དེ་ནི་སྤྱི་ཚོགས་ཀྱི་དཀའ་ངལ་ཆེན་པོ་ཞིག་ཡིན་པ་དང་། ང་ཚོས་དཀའ་ངལ་དེ་བསམ་སྤྱོད་གཉིས་ཀྱི་ཐོག་ནས་སེལ་ཐབས་གནང་དགོས་པའི་ཡོངས་ཁྱབ་འབོད་སྐུལ་གནང་ཡོད། ཁོ་མོས་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བའི་ནག་ཉེས་དེ་དག་མིའི་སྤྱི་ཚོགས་དང་རིག་གཞུང་ཚང་མའི་ནང་འབྱུང་མུས་ཡིན་པ་དང་། དེ་ཡང་དཔལ་འབྱོར་གྱི་གནས་བབ་ལ་མ་བལྟས་པར་ཁྱོན་ཡོངས་ནས་བུད་མེད་ལ་དབྱེ་འབྱེད་ཀྱི་འཚེ་ཐེབས་ཀྱི་ཡོད་སྐོར་གསུང་ཡོད། ཁོ་མོས་བུ་མོ་དང་བུད་མེད་ཚང་མར་སོ་སོའི་མི་ཚེའི་དམིགས་འདུན་མངོན་འགྱུར་དང་དར་རྒྱས་ཀྱི་གོ་སྐབས་དང་། འདྲ་མཉམ་གྱི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད། ལྕམ་ཝེ་ཡ་སི་མཆོག་ནས་ཁོ་མིའི་གྲོང་སྡེ་ལས་ཁུངས་ངོས་ནས། བོད་མིའི་སྒྲིག་འཛུགས་ནས་བུད་མེད་ལ་གཟིགས་སྐྱོང་མཐུན་འགྱུར་ཡོང་བར་རྒྱབ་སྐྱོར་ཡོད་པའི་གསལ་བཤད་གནང་ཡོད།

འདི་ག་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་དང་བརྙན་ལེན་པ་བསྟན་འཛིན་ཕུལ་བྱུང་གཉིས་ཕྱི་ལོའི་པྱི་ཟླ་༩ ནང་གནས་ཡུལ་རྒྱ་གར་བྱང་ཕྱོགས་ཁུལ་གྱི་སྐྱབས་བཅོལ་བོད་མིའི་གཞིས་གྲོང་ཁག་༨ ནང་སྐོར་སྐྱོད་ཀྱིས། ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་མྱོང་མཁན་གྱི་བདེན་དཔང་བརྙན་ཐུང་ཕབ་ལེན་བྱས་ཡོད། ཉམས་ཞིབ་པ་བསྟན་འཛིན་ཟླ་བས་གནས་ཚུལ་རྒྱུས་ལོན་བྱེད་ཡུལ་རྣམས་ལ་སོ་སོར་ཐེབས་པའི་འཚེ་བའི་མྱོང་ཚོར་དངོས་དེ་གསལ་འདོན་གནང་རྒྱུ་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་གསལ་བཤད་བྱས་པ་བརྒྱུད་ནས། ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་མྱོང་མཁན་ཚོས་ཡིད་ཆེས་ཀྱི་ཐོག་ནས་སོ་སོའི་མྱོང་ཚོར་གསལ་བཤད་གནང་ཡོད། བསྟན་འཛིན་ཟླ་བས་ད་དུང་བོད་མིའི་སྤྱི་ཚོགས་ནང་ཕོ་མོ་དབྱེ་འབྱེད་འགོག་ཐབས་ལས་འགུལ་གྱི་གོ་རྟོགས་སྤེལ་རྒྱུ་གཅིག་པུ་ཙམ་མིན་པར། ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་ཕོག་མཁན་གྱི་འཚོ་གནས་ལ་ཕན་ནུས་ལྡན་པའི་རམ་འདེགས་མཐུན་འགྱུར་གང་ཡོང་གནང་རྒྱུ་དང་ཉེས་ཅན་ལ་ཉེས་ཆད་གཅོད་རྒྱུ་གལ་ཆེན་པོ་ཡིན་པ་བརྗོད་ཡོད།

ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བའི་གནས་ཚུལ་བརྙན་ཕབ་གནང་སྐབས། བསྟན་འཛིན་ཕྱུང་བྱུང་གིས་བུད་མེད་ལ་འཚེ་བའི་དཀའ་རྙོག་ཐད་ཀྱི་དེ་སྔའི་སོ་སོའི་ལྟ་ཚུལ་ལ་འགྱུར་བ་ཕྱིན་སྐོར་དང་། ལས་དོན་མང་པོ་ཞིག་ང་ཚོས་ངེས་པར་དུ་སྒྲུབ་དགོས་སྐོར་བརྗོད་དོན། “ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་མྱོང་མཁན་ལ་ཐུག་འཕྲད་ཀྱིས་ཁོ་མོ་ཚོའི་མྱོང་ཚོར་སྐོར་ལ་ཉན་སྐབས། ཁྱབ་ཆེ་བའི་བུད་མེད་ལ་འཚེ་བའི་དཀའ་རྙོག་འདི་ནི་མགོ་རྙོག་དྲན་འཁྲུལ་ཞིག་ཡིན་པ་རྟོགས་སོང་།” བུད་མེད་ལ་འཚེ་བ་འགོག་ཐབས་ལས་འགུལ་ལ་བརྟེན་ནས། ཕོ་མོའི་བར་གྱི་སྲོལ་རྒྱུན་རང་བཞིན་གྱི་དབང་ཆར་ཡང་འགྱུར་བ་འགྲོ་སྲིད་པར་སྐྱེས་པ་ཁག་ཅིག་གིས་ཞེད་སྣང་བྱེད་བཞིན་པར་ཁོས་དོན་སྣང་བྱུང་ཡོད། “མི་འགྱང་བར་ང་ཚོ་བཙན་དབང་གིས་ཐབ་ཚང་ནང་འདེད་ངེས་རེད།” ཞེད་སྣང་གི་སྐད་ཆ་འདི་ནི་ཁོང་གིས་ཐེངས་འདིའི་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་འགོག་ཐབས་ལས་འགུལ་ནང་ལས་ཀ་ལས་བཞིན་པ་ཤེས་ནས། ཁོའི་གྲོགས་པོ་ཞིག་སྐོར་ཞིག་གིས་ཁོར་བཤད་པ་རེད། ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་མྱོང་མཁན་བུད་མེད་ཁག་ཅིག་གིས། སོ་སོའི་བཟའ་ཟླའི་མཚན་གནས་ལ་གནོད་པའི་ཞེད་སྣང་གིས། སོ་སོར་ཐེབས་པའི་འཚེ་བའི་མྱོང་ཚོར་དངོས་དེ་གསལ་འདོན་མི་གནང་རྒྱུ་སེམས་ཐག་བཅད་འདུག  “སོ་སོའི་མྱོང་ཚོར་དངོས་དེ་བཤད་པ་ཡིན་ན། ངའི་བཟའ་ཟླའི་མཚན་གནས་ལ་གནོད་ངེས་རེད།” ཞེད་སྣང་གི་སྐད་འདི་ནི་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་མྱོང་མཁན་ཞིག་གིས་བསྟན་འཛིན་ཕུལ་བྱུང་ལ་བཤད་པ་རེད། བསྟན་འཛིན་ཕུལ་བྱུང་གིས་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་མྱོང་མཁན་རྣམས་ནས་སོ་སོར་ཐེབས་པའི་འཚེ་བའི་མྱོང་ཚོར་དངོས་དེ་གསལ་བརྗོད་གནང་ནས་ཉེས་ཅན་ལ་ཉེས་ཆད་གཅོད་པའི་རེ་སྐུལ་ཞུས་ཡོད་པ་རེད།

ལས་འགུལ་དབུ་འབྱེད་ཐོག་གཏམ་བཤད་གནང་མཁན་བསྟན་འཛིན་དཔལ་ཡོན་༼གྲོགས་མོ་ཚོགས་པ་གསར་འཛུགས་གནང་མཁན་དང་ཕོ་མོ་འདྲ་མཉམ་དོན་གཉེར་བ།༽གྱིས། ཁོ་མོའི་ཚོགས་པས་སྐྱབས་བཅོལ་བོད་མིའི་སློབ་གྲྭ་ཁག་ནང་ཁྱབ་ཆེ་བའི་ཆགས་སྲེད་རྩུབ་སྤྱོད་སྐོར་ལ་ཞིབ་འཇུག་བྱས་པའི་ཡིག་ཆ་མཁོ་འདོན་གནང་ཡོད། མོའི་ཞིབ་འཇུག་ནང་དུ་གནས་ཡུལ་རྒྱ་གར་བྱང་ཕྱོགས་ཁུལ་གྱི་བོད་སློབ་ཁག་༥ ཡི་སློབ་ཕྲུག་༤༠༡ ལ་ཞིབ་འཇུག་རྒྱུས་ལོན་གནང་བ་ལས་སློབ་ཕྲུག་༡༥༡ ལ་སྙད་རྐོ་དང་རྩུབ་སྤྱོད། བཙན་གཡེམ་སོགས་ཆགས་སྲེད་ཀྱི་རྩུབ་སྤྱོད་ཐེབས་ཡོད་པ་དང་། དེའི་གྲས་ཀྱི་སློབ་ཕྲུག་༧༥ ཡིས་ཉེས་ཅན་པ་སུ་ཡིན་མིན་ཤེས་ཀྱི་ཡོད་པ་དང་། ཆགས་སྲེད་རྩབ་སྤྱོད་ཀྱི་མྱོང་ཚོར་དངོས་དེ་སློབ་གྲྭའི་འགོ་ཁྲིད་ལ་གསོང་བོར་བརྗོད་མཁན་སློབ་ཕྲུག་༥ ཙམ་ལས་མེད་པ་རེད། བསྟན་འཛིན་དཔལ་ཡོན་གྱི་དོ་སྣང་ལྟར་ན། སློབ་གྲྭའི་ནང་དུ་སློབ་ཕྲུག་གིས་འཛེམ་དོགས་མི་དགོས་པར་ཐད་ཀར་དཀའ་ངལ་ཞུ་ས་ཞིག་གསར་འཛུགས་དགོས་ཀྱི་ཡོད་པ་དང་། དེ་འདྲ་ཞིག་ཡོད་པ་ཡིན་ན། སློབ་ཕྲུག་གི་སེམས་བདེ་པོ་ཡོང་བ་དང་། མ་འོངས་པར་སློབ་གྲྭའི་འགོ་ཁྲིད་ཀྱིས་རོགས་སྐྱོར་ཡོང་ངེས་ཡིན་པ་རེད། བསྟན་འཛིན་དཔལ་ཡོན་ནས་ད་དུང་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་དང་། ཐོབ་དབང་བཙན་འཕྲོག་གི་གནས་སྟངས་སྐོར་ནས་བགྲོ་གླེང་གནང་ཡོད།

བསྟན་འཛིན་དཔལ་ཡོན་དང་བསྟན་འཛིན་ཟླ་བ་གཉིས་ནས་ཉམས་ཞུགས་ཚོགས་མིའི་དྲི་བར་ལེན་འདེབས་བྱས་པ་དང་། དྲི་བ་མང་ཤོས་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་གཏོང་མཁན་ལ་ཉེས་ཆེད་འགེལ་སྐོར་དང་། སྤྱི་ཚོགས་ཀྱི་བཀག་རྒྱར་མ་བལྟས་པར་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བའི་དཀའ་རྙོག་གསལ་བརྗོད། ཡུལ་མཐའ་འཁོབ་ཀྱི་བཙན་བྱོལ་བོད་མིའི་གཞིས་གྲོང་ཁག་ནང་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་མྱོང་མཁན་ཚོར་འབྲེལ་གཏུག་རོགས་འདེགས་གནང་ཕྱོགས། དེ་བཞིན་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་དང་བྱིས་པར་ཆགས་སྲེད་རྩུབ་སྤྱོད་རིགས་ལ་ཕན་ནུས་ལྡན་པའི་ཁྲིམས་གཞི་ལག་བསྟར་བྱེད་ཕྱོགས་སོགས་རེད།

ཐེངས་འདིའི་ལས་འགུལ་དབུ་འབྱེད་མཛད་སྒོར་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་བརྒྱུད་ལམ་ཁག་གི་གསར་འགོད་པ། དེ་མིན་བཙན་བྱོལ་སློབ་གྲྭ་ཁག་གི་སློབ་ཕྲུག་དང་མི་མང་བཅས་མི་གྲངས་༥༠ ལྷག་མཉམ་ཞུགས་གནང་ཡོད། ཉམས་ཞུགས་མི་མང་གིས་ཉིན་རེའི་འཚོ་བའི་ཁྲོད་དུ་སོ་སོ་སྒེར་ངོས་ནས་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་འགོག་ཐབས་ཟིན་ཐོར་བཏབ་པ་ཡོད་པ་རེད། ཟིན་ཐོ་གཅིག་གི་ནང་དུ། ད་ནི་སྐྱེས་པ་ཡག་པོ་ཟེར་བ་དང་སྐྱེད་མ་ཡག་པོ་ཟེར་བ་དེ་དོན་དངོས་སུ་ཅི་འདྲ་ཞིག་མིན་ལ་བསྐྱར་དུ་འགྲེལ་བརྗོད་བྱེད་པའི་དུས་ལ་བབ་འདུག མ་འོངས་པར་ང་ཚོས་འགྲོ་བ་མི་ཚང་མར་བྱམས་པ་དང་བརྩེ་བ་ཤུགས་ཆེར་བྱེད་པའི་རེ་བ་ཡོད། ཅེས་བྲིས་ཡོད་པ་རེད།