31/05/2020

བོད་མིས་ཞི་རྒོལ་ཐོབ་ཐང་སྲུང་སྐྱོབ། འདི་ག་ལྟེ་གནས་ཁང་གིས་ཞི་བའི་འདུ་འཛོམ་ལས་འགུལ་སྤེལ་འགོ་བཙུགས་ཡོད།

  •   
  •  
  •  
  •  
  •  
  •  
  •  

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། ཞི་བའི་འདུ་འཛོམ་རང་དབང་གི་ཐོབ་ཐང་ངམ། ཡང་ན་ཞི་རྒོལ་ཐོབ་ཐང་སྲུང་སྐྱོབ་དང་ཡར་རྒྱས་གཏོང་ཆེད། དེ་རིང་དྲ་ཐོག་ནས་ལས་འགུལ་སྤེལ་འགོ་བཙུགས་ཡོད། ཞི་རྒོལ་ཐོབ་ཐང་ནི་འཛམ་གླིང་ཡོངས་ཁྱབ་ཏུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་ངོས་འཛིན་བྱུང་ཡོད་ལ། དེ་ཡང་ཆོས་ལུགས་ལྟ་གྲུབ་མི་འདྲ་བ་དང་དད་འདུན་ཡིད་ཆོས་མི་འདྲ་བ། ཡང་ན་སྲིད་ཇུས་མི་འདྲ་བ་ཚང་མ་ཞི་མཐུན་མཉམ་གནས་ཡོང་བའི་བཟོད་སྲན་དང་འགན་འཁྲི་ལྡན་པའི་སྤྱི་ཚོགས་ཤིག་ཚུགས་ཐབས་སུ་གལ་འགངས་ཆེན་པོ་ཆགས་ཡོད། མ་ཟད་གཞི་རྩའི་ཐོབ་ཐང་འདི་ནི་འགྲོ་བ་མིའི་ཐོབ་ཐང་གཞན་དག་ལོངས་སུ་སྤྱོད་པར་ཅིས་ཀྱང་མེད་མི་རུང་བ་ཞིག་ཡིན།

ཡིན་ནའང་བོད་ནང་གི་བོད་མིར་མཚོན་ན། ཆབ་སྲིད་ཀྱི་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐེབས་པའི་རྐྱེན་གྱིས། ཞི་བའི་འདུ་འཛོམ་དང་མི་མང་གི་བསམ་འཆར་མི་འདྲ་བ་བརྗོད་རྒྱུ་ནི་དོན་དངོས་སུ་མི་སྲིད་པའི་གནས་སྟངས་ཤིག་ཆགས་ཡོད། ཞི་རྒོལ་ཐད་ཀྱི་རྒྱ་གཞུང་གི་འཆར་གཞི་ལྡན་པ་དང་གདུག་རྩུབ་ཆེའི་དྲག་གནོན་ལ་བརྟེན་ནས། བོད་མིའི་རང་སྲེག་ཞི་རྒོལ་གྱི་རླབས་རྒྱུན་ཕྱུར་བ་རེད་ལ། རང་སྲེག་ཞི་རྒོལ་བྱུང་རྐྱེན་ནི། བོད་ནང་དུ་སྨྲ་བརྗོད་རང་དབང་དང་ཞི་བའི་འདུ་འཛོམ་རང་དབང་ནི་ཧ་ཅང་ཉག་ཕྲ་བའི་ཁར། ད་དུང་བོད་མི་ཚོས་བདེ་འཇགས་ཀྱི་ཐོག་ནས་ཞི་བའི་ལས་འགུལ་སྤེལ་ཐབས་མེད་པའི་རྟགས་མཚོན་ཞིག་ཡིན་པ་རེད།

རྒྱ་གཞུང་གིས་ཞི་རྒོལ་བའི་ནང་མི་དང་ཉེ་འབྲེལ་ཚོར་རུབ་བསྡུས་ཆད་གཅོད་ཀྱི་སྲིད་ཇུས་ལག་ལེན་བསྟར་ཏེ། རང་སྲེག་ཞི་རྒོལ་ཡང་ཁྲིམས་འགལ་ཉེས་གསོག་གི་ངོ་བོར་བསྒྱུར་བའི་མཇུག་འབྲས་སུ། ད་ཆར་ཞི་རྒོལ་གནང་མཁན་ཚོ་བཙན་དབང་གིས་གར་སོང་ཆ་མེད་བཟོ་བ་དང་མནར་གཅོད་གཏོང་བ། ཁྲིམས་འགལ་གྱིས་དམར་གསོད་གཏོང་བའི་ཚབས་ཆེའི་ཉེན་ཁར་ལྷུང་ཡོད།

ཞི་བའི་འདུ་འཛོམ་ལ་དྲག་གནོན་བྱེད་ཐབས་ཀྱི་རྒྱ་གཞུང་གི་ད་ལྟའི་སྲིད་ཇུས་དང་ལག་བསྟར་༼གདུག་རྩུབ་ཀྱི་བཙན་ཤེད་དང་གང་བྱུང་ཉེས་ཆད་འགེལ་བ་སོགས།༽དེ་དག་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་དང་འགལ་ཏེ། རྒྱ་གཞུང་རང་གི་རྩ་ཁྲིམས་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་སྤྱི་ཆིངས་སྣ་ཚོགས་དང་མཐུན་པའི་བོད་མིའི་འདུ་འཛོམ་རང་དབང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་གཙུག་འཛིན། ངོས་འཛིན་བཅས་ཀྱི་འགན་འཁྲི་དག་རྩིས་མེད་བརྡལ་བཤིག་བཏང་ཡོད།

ཐེངས་འདིའི་ལས་འགུལ་བརྒྱུད་ནས། བོད་མིའི་ཞི་རྒོལ་སྙིང་སྟོབས་དང་སེམས་ཤུགས་བཅས་མཚོན་པའི་བྱུང་རིམ་ལོ་རྒྱུས་འགྲེམ་སྤེལ་གྱིས། ད་ཆར་རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་གི་གོ་སྐས་བེད་སྤྱད་ནས། བོད་ནང་དུ་ཞི་བའི་ཐོག་ནས་འདོད་མོས་མེད་པའི་རྣམ་འགྱུར་ཅི་འདྲ་ཞིག་བསྟན་ནའང་། དེ་ལ་ཚབས་ཆེའི་དྲག་གནོན་དང་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་སྦེད་ཐབས་ཀྱི་སྒྲིབ་གཡོག་བཤུས་ཏེ་དངོས་ཡོད་གནས་ཚུལ་གསལ་སྟོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

འདི་ལོའི་ཕྱི་ཟླ་༡༢ ཚེས་༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་བར་དུ། ཐེངས་འདིའི་ལས་འགུལ་བརྒྱུད་བོད་དོན་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་༼ཐེངས་འདིའི་འགུལ་ཁྲོད་ཀྱི་བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲོས་ཀྱང་ཚུད་ཡོད།༽མི་སྣ་༣༠ ཡི་རེ་འདུན་དང་བློ་སྤོབས། ཞི་རྒོལ་བཅས་ཀྱི་གནས་ཚུལ་སྤེལ་འཆར་ཡོད།

བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ཀྱིས་བརྙན་ལམ་དུ་བརྗོད་དོན། “ང་ཚོས་ཞི་རྒོལ་བྱེད་པ་ནི་ང་ཚོའི་ལྷན་སྐྱེས་ཀྱི་ཐོབ་ཐང་ཡིན་ལ། མཚམས་རེར་དེ་ནི་ང་ཚོས་ཞི་རྒོལ་བྱེད་པའི་ཀུན་སྤྱོད་ཀྱི་འགན་འཁྲི་ཡང་ཡིན། དེ་ལས་ཀྱང་གལ་འགངས་ཆེ་བ་ནི། ང་ཚོས་རྣམ་དཔྱོད་ལ་བརྟེན་ནས་ཞི་རྒོལ་བྱེད་ཀྱི་ཡོད་ལ། ང་ཚོའི་རྣམ་དཔྱོད་ཀྱིས། ང་ཚོའི་མིག་མདུན་གྱི་ཡོད་ཚད་དྲང་བདེན་མིན་དུས། ང་ཚོ་ཁུ་སིམ་མེར་སྡོད་དུ་འཇུག་མི་སྲིད།” ཅེས་དང་། “དེ་རིང་ང་ཚོར་འཕྲད་པ་མཐའ་དག་དྲང་བདེན་མིན་པ་རེད། སྐབས་རེར་ཞི་རྒོལ་བྱེད་དོན་ནི་ཁྱབ་ཆེ་ཞིང་ཟམ་མི་ཆད་པའི་རུལ་སུངས་དང་དབང་ཡོད་ཐུབ་ཚོད་བཏང་བས་རེད་ལ། འཚེ་བ་འདིའི་རིགས་འཛམ་གླིང་ཡུལ་གྲུ་གང་སར་བྱུང་སྟེ། མི་མང་ཕལ་བ་དང་དཀྱུས་མ་ཚོ་འགྲོ་སའི་གནས་མེད་ཁར། ཁོ་ཚོས་འདི་ལས་ལྡོག་པའི་རང་དབང་ཞི་བདེ་དང་དྲང་བདེན་བྱམས་བརྩེའི་འཛམ་གླིང་གཞན་ཞིག་ལ་བསམ་གཞིག་ཙམ་ཡང་བྱེད་དབང་མེད་པས། ང་ཚོས་ཞི་རྒོལ་བྱས་པ་ཡིན།” ཅེས་བརྗོད་ཡོད།

ཞི་རྒོལ་ལས་འགུལ་ལ་ཁྲིམས་བཤེར་དང་ཐེངས་༡༦ ལ་བཙོན་འཇུག་བྱས་ཀྱང་། བསྟན་འཛིན་བརྩོན་འགྲུས་ཀྱིས་མུ་མཐུད་དུ་ཞི་རྒོལ་གནང་བ་དང་དྲང་བདེན་རྩོད་ལེན། དབང་ཤུགས་ལ་བདེན་པ་སྨྲ་བའི་སེམས་ཐག་བཅད་དོན། “མཚམས་རེར་ང་རང་ཁྲིམས་རར་ལང་བཅུག་སྟེ། ངའི་བསམ་སྦྱོར་དང་། ངའི་ཞི་རྒོལ་ལས་འགུལ་གསལ་བཤད་བྱེད་དུ་བཅུག་པ་རེད། “ཁྲིམས་ཁང་གིས་གྱོད་དོན་ཞིག་ཐག་གཅོད་པའི་དུས་ཡུན་མི་ལོ་༡༡ རེད། ད་དུང་ཡང་ངས་ཞི་རྒོལ་བྱེད་འདོད། ང་བཙོན་ལ་འགྲོ་འདོད། ང་ཁྲིམས་རར་ལང་ནས་གསལ་བཤད་བྱེད་འདོད།”

ད་ལན་གྱི་ལས་འགུལ་བརྒྱུད་ནས། རྒྱ་གཞུང་གིས་༼ཞི་བའི་འདུ་འཛོམ་དང་འབྲེལ་བའི་༽ཁྲིམས་སྒྲིག་ལག་བསྟར་སྐབས་སུ། མྱུར་བ་མྱུར་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་དང་བསྟུན་ཏེ། བདེ་སྲུང་དབང་འཛིན་དཔོན་རིགས་ཚོར། ཞི་རྒོལ་ལས་འགུལ་ཐོག་དྲག་ཆས་ཉེན་རྟོག་པ་ཆེད་གཏོང་དང་གདུག་རྩུབ་ཀྱི་དྲག་གནོན་བྱེད་དུ་འཇུག་པ་བཅས་ཀྱི་སྲིད་ཇུས་མཚམས་བཞག་ནས། ཞི་རྒོལ་ལས་འགུལ་བར་མནར་གཅོད་དང་གང་བྱུང་བཀག་ཉར་བྱེད་མཁན་དཔོན་རིགས་ཚོར་ཉེས་ཆད་གཅོད་པ་དང་། སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་ལ་ལག་བསྟར་ཆོག་མཆན་འགོད་པ། ཚོགས་འཛུགས་དང་ཞི་བའི་འདུ་འཛོམ་རང་དབང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་བོད་ནང་ལ་ཡོང་བཅུགས་ནས། ཞི་བའི་འདུ་འཛོམ་རང་དབང་གི་ཐོབ་ཐང་དང་འབྲེལ་བའི་བོད་ནང་གི་ད་ལྟའི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་རྒྱུས་ལོན་གནང་དུ་འཇུག་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད།