14/12/2019

བོད་མིའི་མང་གཙོ་ལམ་ལུགས་དབུ་བརྙེས་ནས་མི་ལོ་ ༥༤ འཁོར་བའི་དུས་དྲན་ཉིན་མོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཞུ་འཕྲིན།

  •   
  •  
  •  
  •  
  •  
  •  
  •  

དེ་རིང་ནི་བོད་མིའི་མང་གཙོ་དབུ་བརྙེས་ནས་ལོ་ངོ་ ༥༤ འཁོར་བའི་ཉིན་རེད། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། རྒྱ་ཆེའི་གཞིས་བྱེས་བོད་རིགས་སྤུན་ཟླ་ཡོངས་ལ་གལ་ཆེའི་དུས་དྲན་ཉིན་མོར་འཚམས་འདྲི་ཞུ་བཞིན་ཡོད། མི་ལོ་ ༥༤ ཡར་སྔོན་ཏེ་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན། ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་ཐུགས་དགོངས་ལམ་སྟོན་འོག ཐོག་དང་པོའི་བོད་མི་མང་སྤྱི་འཐུས་ཀྱིས་ལས་འཁུར་དམ་འབུལ་ཞུས་ཡོད། དེ་ནི་འདས་པའི་བོད་ཀྱི་ལོ་རྒྱུས་ཐོག་གཞུང་གི་ཆབ་སྲིད་ལམ་ལུགས་དངོས་སུ་མང་གཙོའི་ལམ་དུ་བསྐྱོད་པའི་གོམ་པ་ཐོག་མ་དེ་ཆགས་ཡོད།

དེ་བཞིན། འདས་པའི་མི་ལོ་བཅུ་གྲངས་འགའ་ཤས་རིང་བོད་མིའི་མང་གཙོའི་འཕེལ་རིམ་ཁྲོད། དབུ་ཁྲིད་དང་མི་དམངས་གཉིས་ཐད་ནས་གལ་ཆེའི་རང་བཞིན་གྱི་ཐག་གཅོད་དང་འབད་འབུངས་རིམ་པར་གནང་ཡོད་དེ། བོད་མི་མང་སྤྱི་འཐུས་ཐོག་མར་འོས་འདེམས་བྱུང་བའི་རྗེས། ཕྱི་ལོ་ ༡༩༦༣ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་གཏན་འབེབས་དང་། ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལག་བསྟར། ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་དམངས་ཀྱིས་ཐད་ཀར་འོས་འདེམས། དེ་བཞིན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གསར་འཛུགས། ལྷག་པར་དུ་ ༢༠༡༡ ལོའི་ཕྱི་ཟླ་ ༣ པའི་ནང་། ༧གོང་ས་མཆོག་གིས་ཆབ་སྲིད་སྐུ་དབང་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་མགོ་ཁྲིད་ལ་རྩིས་སྤྲོད་གནང་བ་བཅས། ལོ་རྒྱུས་རང་བཞིན་ལྡན་པའི་མང་གཙོའི་འཕེལ་འགྱུར་རིམ་པར་བྱུང་ཡོད།

འདི་ག་ལྟེ་གནས་ཁང་གི་ངོས་ནས། གལ་ཆེའི་དམངས་གཙོའི་འཕེལ་རིམ་དང་འགྱུར་འགྲོས་དེ་དག་ནི། རྒྱ་ནག་གིས་བོད་ཀྱི་ཆོས་དང་རིག་གཞུང་མཐའ་དག་རྩ་གཏོར་བཏང་སྟེ། བོད་ཐོག་མི་སེར་སྤེལ་བཞིན་པའི་གཅིག་སྡུད་ལམ་ལུགས་ཀྱི་སྲིད་ཇུས་དེར། བོད་གཞིས་བྱེས་མི་དམངས་ཡོངས་ཀྱིས་གདོང་ལེན་འཐབ་རྩོད་བྱེད་པའི་སྙིང་སྟོབས་དང་ཆོད་སེམས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད།

དེ་རིང་གི་རླབས་ཆེན་གྱི་ཉིན་མོ་འདི་དང་སྟབས་བསྟུན་ནས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མང་གཙོའི་ཀ་བ་གསུམ་ལྡན་གྱི་ཆབ་སྲིད་དབང་ཆ་སྟངས་འཛིན་ལམ་ལུགས་དང་། ཆབ་སྲིད་མགོ་ཁྲིད་མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱེད་བཞིན་པ་སོགས། མང་གཙོ་ལམ་ལུགས་ཐད་བཟང་ཕྱོགས་འགྱུར་འགྲོས་འདི་དག་ལ་རྗེས་སུ་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད། དེ་བཞིན། བོད་མིའི་སྤྱི་ཚོགས་ཁྲོད་མང་གཙོ་ལམ་ལུགས་ཕྱོགས་ཡོངས་ནས་ཚགས་ཚུད་སྲ་བརྟན་ཡོང་རྒྱུར་མུ་མཐུད་འབད་འབུངས་གནང་དགོས་པ་དེ་ཧ་ཅང་གནད་ཆེན་པོ་ཆགས་ཡོད།

ང་ཚོས་མུ་མཐུད་དུ་ཆོས་དང་རིག་གཞུང་། སྤྱི་ཚོགས། ཆབ་སྲིད་སོགས་གང་ཅིའི་ཐད། ལྟ་གྲུབ་འདྲ་མིན་གྱི་བསམ་བློ་མཐའ་དག་ལ་གུས་ཞབས་ཐོག བོད་མིའི་སྤྱི་ཚོགས་ཀྱི་རྒྱུད་ལ་འདྲ་མཉམ་གུ་ཡངས་ཀྱི་ཡང་དག་པའི་མང་གཙོའི་གཤིས་ཀ་བསྐྲུན་ཐུབ་རྒྱུར་འབད་བརྩོན་གནང་དགོས། དེའི་རྒྱུ་མཚན་ནི་འདྲ་མཉམ་གུ་ཡངས་ཀྱི་མང་གཙོའི་འཁོར་ཡུག་ཁོ་ནའི་ཁྲོད། ད་གཟོད་སྤྱི་ཚོགས་ཀྱི་དཀའ་རྙོག་སྣ་ཚོགས་སེལ་ཐབས་དང་། སྲིད་འབྱོར་རིག་གསུམ་ཡར་རྒྱས་བཅས་ཀྱི་ཐད། གསར་གཏོད་དང་མདུན་བསྐྱོད་རང་བཞིན་གྱི་ལྟ་གྲུབ་དང་བསམ་བློ་གསར་པ་འབྱུང་ཐུབ། དེ་ལྟའི་མང་གཙོའི་གཤིས་ཀ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་པ་ལ། གུ་ཡངས་དང་བྱམས་བརྩེ། གཅིག་གྲོགས་གཅིག་ཕན། ལྟ་གྲུབ་འདྲ་མིན་ལ་བཟོད་བསྲན་སོགས། འགྲོ་བ་མིའི་བཟང་སྤྱོད་རིན་ཐང་གི་ཆ་རྐྱེན་རྣམས་འཛོམས་དགོས།

དེ་བས། མང་གཙོ་ནི་མི་དམངས་ཀྱིས་དུས་བཀག་འོས་བསྡུ་བྱས་པ་ཙམ་དང་། མང་གཙོའི་སྒྲིག་འཛུགས་བསྐྲུན་པ་ཁོ་ན་ཙམ་མ་ཡིན་པར། སྤྱི་ཚོགས་དྲང་བདེན་དང་རང་དབང་གཉིས་ནི་མང་གཙོའི་གཞི་རྟེན་ཆགས་ཡོད་སྟབས། ང་ཚོས་སྤྱི་ཚོགས་ལྟ་གྲུབ་དེ་ལྟ་བུ་ནི་སོ་སོའི་མི་ཚེ་རིན་ཐང་གི་རྩ་འཛིན་ཆགས་ཐུབ་པ་བྱེད་དགོས། དེར་བརྟེན། ང་ཚོས་བོད་མི་ཡོངས་ལ་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། སྤྱི་དམངས་བཅས་ཀྱི་ཁེ་དབང་མཐའ་དག་འདྲ་མཉམ་གཅིག་མཚུངས་འཐོབ་ཐུབ་རྒྱུར་འབད་བརྩོན་བྱེད་དགོས་ལ། ལྷག་པར་དུ་གཞི་རིམ་དང་མཐའ་ཁུལ་ཁག་ཏུ་གནས་པའི་མང་ཚོགས་རྣམས་ལ། ངེས་པར་དུ་སྤྱི་ཚོགས་ཀྱི་ཁེ་དབང་དང་མཐུན་རྐྱེན་རྣམས་སྤྱི་སྙོམས་སུ་ཐོབ་ཐུབ་རྒྱུར་སྔར་ལྷག་འབད་བརྩོན་གནང་དགོས།

འཛམ་གླིང་སྒང་དྲང་བདེན་དང་མང་གཙོའི་རིན་ཐང་བརྩོད་ལེན་ཐད། དཀའ་རྙོག་དང་འགོག་རྐྱེན་སྣ་ཚོགས་ཤིག་འཕྲད་བཞིན་པའི་ད་ལྟའི་གནས་སྟངས་འོག ང་ཚོས་བག་འཁུམ་ཡི་མུག་གི་སྒོ་ནས་མང་གཙོ་དང་དྲང་བདེན་བརྩོད་ལེན་བྱེད་པའི་ཡིད་ཆེས་བརླག་མི་རུང་། མང་གཙོའི་ལྟ་གྲུབ་ལ་སྙིང་སྟོབས་དང་ཡིད་ཆེས་ལྡན་པའི་སྤྱི་ཚོགས་དེ་ལ་རླབས་ཆེན་རྒྱལ་ཁ་འཐོབ་ཐུབ་པ་དང་། སྙིང་སྟོབས་དང་གདེང་ཚོད་ཉམས་པའི་སྤྱི་ཚོགས་དེ་མཐར་མཇུག་ཕམ་ཉེས་རྩ་བརླག་ཏུ་འགྱུར་འགྲོ་བ་ནི། འགྲོ་བ་མིའི་རིགས་ཀྱི་འདས་པའི་ལོ་རྒྱུས་ཀྱིས་ར་སྤྲོད་གསལ་འདོན་བྱས་ཡོད།

རྒྱ་གཞུང་གིས་བོད་རྒྱའི་དཀའ་རྙོག་ཞི་བའི་གྲོས་མོལ་ལམ་ནས་སེལ་འདོད་བྱེད་ཀྱིན་མེད་པར། བོད་ཐོག་མུ་མཐུད་བཙན་གནོན་བྱེད་པའི་ད་ལྟའི་གནས་བབས་ལ་གཞིགས་ན། འབྱུང་འགྱུར་དུས་ཡུན་གང་འཚམ་རིང་གཞིས་བཞུགས་བོད་མི་རྣམས་མུ་མཐུད་རྒྱའི་བཙན་འོག་ཏུ་གནས་རྒྱུ་དང་། བྱེས་འབྱོར་བོད་མི་རྣམས་གཞན་ཡུལ་དུ་བཙན་བྱོལ་འོག་སྡོད་དགོས་པའི་གནས་སྟངས་ཆགས་སྲིད་པ་རེད། དཀའ་སྡུག་གི་གནས་བབས་དེ་འདྲའི་འོག ང་ཚོས་དྲང་བདེན་དང་འདྲ་མཉམ་གཞི་ལ་བཞག་པའི་མང་གཙོའི་ལྟ་གྲུབ་ལ་ཡིད་ཆེས་སླར་གསོའི་ཐོག་ནས། བཙན་བྱོལ་སྤྱི་ཚོགས་ནང་སོ་སོའི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་གཏོང་བར་འབད་བརྩོན་དང་། གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ཀྱིས་འཚེ་མེད་ཞི་བའི་ལམ་ནས། རྒྱ་གཞུང་གི་བཙན་གནོན་དབང་སྒྱུར་ལ་གདོང་ལེན་འཐབ་རྩོད་བྱེད་བཞིན་པའི་བླ་ན་མེད་པའི་སྙིང་སྟོབས་མིག་དཔེ་རུ་བཟུང་སྟེ་མདུན་བསྐྱོད་གནང་བ་ཡིན་ན། ད་གཟོད་བོད་མི་རིགས་ལ་ཁྲིམས་མཐུན་གྱིས་དབང་བའི་ཆེ་མཐོང་དང་རང་དབང་བསྐྱར་གསོའི་ལས་དོན་ཐད། ཞུམ་པ་མེད་པའི་སྙིང་སྟོབས་དང་རེ་བ་བསྐྲུན་ཐུབ་བོ།།

བོད་རྒྱལ་ལོ་༢༡༤༡ བོད་ཟླ་ ༧ ཚེས་ ༨ དེ། ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༩ ཚེས་ ༢ ཉིན།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་།