26/02/2021

བོད་མི་ས་དབང་ཞུ་གཏུག་པ་བཞི་ལ་ཁྲིམས་ཆད་བཅད་འདུག

  •   
  •  
  •  
  •  
  •  
  •  
  •  
རྒྱ་གཞུང་གིས་ལོ་ ༣ ཀྱི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་རྗེས། རང་ཁྱིམ་དུས་ཟླ་ ༦ འཕར་སྣོན་གྱི་ཉེས་ཆད་ཕྱིར་འགྱངས་བཀག་སྡོམ་ལྟ་རྟོགས་འོག་ཡོད་པའི་བོད་མི་འཇིགས་བྱེད་སྐྱབས་ལགས།
རྒྱ་གཞུང་གིས་ལོ་ ༣ ཀྱི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་རྗེས། རང་ཁྱིམ་དུས་ཟླ་ ༦ འཕར་སྣོན་གྱི་ཉེས་ཆད་ཕྱིར་འགྱངས་བཀག་སྡོམ་ལྟ་རྟོགས་འོག་ཡོད་པའི་བོད་མི་འཇིགས་བྱེད་སྐྱབས་ལགས།

ས་གནས་བོད་མིའི་རྩྭ་ས་དང་ས་ཁང་བཙན་འཕྲོག་གནས་སྟངས་ཞུ་གཏུག་བྱེད་མཁན། བོད་མདོ་སྨད་མཛོད་དགེ་ཐང་སྐོར་སྡེ་བའི་བོད་མི་ཕུར་ཁོ་དང་། རིན་རྡོ། འཇིགས་བྱེད་སྐྱབས། ཀིརྟི་ཡེ་ཤེས་བཅས་ལ། ༼བསྙད་བརྐོ་ཟིང་སློང་༽གི་ཉེས་མིང་འོག་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་འདུག

བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ ༢༠༡༦ ཟླ་ ༤ ཚེས་ ༡༡ ཉིན། མཛོད་དགེ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས། ཐང་སྐོར་ཡུལ་ཚོའི་སྐ་བར་མ་སྡེ་བའི་རྩྭ་ས་དང་ས་ཁང་བཙན་འཕྲོག་གི་བྱ་སྤྱོད་གོང་རིམ་དུ་ཞུ་གཏུགས་བྱེད་མཁན། བོད་མི་འཇིག་བྱེད་སྐྱབས་ལ་ལོ་ ༣ གྱི་དུས་བཅད་བཙོན་འཇུག་དང་། ཕུར་ཁོ་དང་རིན་ཆེན་རྡོ་རྗེ། ཀིརྟི་ཡེ་ཤེས་གསུམ་ལ་ལོ་ ༢ རེའི་དུས་བཅད་བཙོན་འཇུག་ཁྲིམས་ཐག་བཅད་རྗེས། ཟླ་ ༦ རེའི་བཀག་སྡོམ་དུས་ཡུན་འཕར་སྣོན་ཐོག་༼ཉེས་ཆད་ཕྱིར་འགྱངས༽ཀྱི་ལམ་ལུགས་ལྟར། ཕྱིར་སོ་སོའི་ཁྱིམ་དུ་བསྐྱལ་ཏེ་ཉེན་རྟོག་པས་ལྟ་རྟོག་སྟངས་འཛིན་འོག་རང་ཁྱིམ་དུ་བཀག་སྡོམ་བྱས་ཡོད་འདུག

རིན་ཆེན་རྡོ་རྗེ་ལགས་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༤ ཉིན་འཇུ་བཟུང་བྱས་ཡོད་པ་དང་། སྐབས་དེར་ཁོང་རང་ལོ་ ༦༣ ཡིན་འདུག འཇིགས་བྱེད་སྐྱབས་ལགས་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༢ ཉིན་འཇུ་བཟུང་བྱས་ཡོད་ལ། སྐབས་དེར་ཁོང་རང་ལོ་ ༣༩ ཡིན་པ་རེད། ཕུར་ཁོ་དང་ཀིརྟི་ཡེ་ཤེས་ལགས་གཉིས་ཀྱང་ཉིན་དེར་འཇུ་བཟུང་བྱས་ཡོད་ཀྱང་། ཁོང་གཉིས་ཀྱི་ལོ་ཚད་ཤེས་རྟོགས་ཐུབ་ཀྱི་མི་འདུག ཀི་རྟི་ཡེ་ཤེས་ལགས་ལ་གློ་གཅོང་གི་ནད་གཞི་ཡོད་པར་བརྟེན་ནས་བར་སྐབས་ཤིག་ལ་ཕྱིར་གློད་ཡོད་ཀྱང་རྗེས་སུ་བསྐྱར་དུ་འཇུ་བཟུང་བྱས་ཡོད་པ་རེད། གཞན་ཡང་། སྐབས་དེར་སྐ་བར་མ་སྡེ་བའི་ས་གནས་བོད་མི་སྐོར་ཅིག་མཉམ་དུ་འཇུ་བཟུང་བཙན་འཁྲིད་བྱས་ཡོད་མོད། རྗེས་སུ་གོང་གསལ་ཁྲིམས་ཐག་བཅད་ཟིན་པའི་མི་བཞི་མ་གཏོགས་གཞན་རྣམས་རིམ་པས་ཕྱིར་གློད་ཡོད་པ་རེད།

རྒྱ་གཞུང་གིས་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་རྗེས། ཟླ་ ༦ འཕར་སྣོན་ཐོག་ཉེས་ཆད་ཕྱིར་འགྱངས་ཀྱིས་རང་ཁྱིམ་དུ་བཀག་སྡོམ་ལྟ་རྟོགས་བྱས་ཡོད་པའི་བོད་མི་རིན་ཆེན་རྡོ་རྗེ་ལགས།
རྒྱ་གཞུང་གིས་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་རྗེས། ཟླ་ ༦ འཕར་སྣོན་ཐོག་ཉེས་ཆད་ཕྱིར་འགྱངས་ཀྱིས་རང་ཁྱིམ་དུ་བཀག་སྡོམ་ལྟ་རྟོགས་བྱས་ཡོད་པའི་བོད་མི་རིན་ཆེན་རྡོ་རྗེ་ལགས།

གོང་གསལ་ཁྲིམས་ཆད་ཕོགས་པའི་བོད་མི་བཞི་ཡིས་མང་ཚོགས་ཀྱི་རྩྭ་ས་དང་ས་ཁང་བདག་དབང་སྲུང་སྐྱོབ་ཆེད། ས་གནས་སྲིད་གཞུང་རིམ་པར་ཞི་བའི་སྒོ་ནས་གོང་གཏུག་བྱས་པ་དེར། མཛོད་དགེ་རྫོང་མི་དམངས་ཁྲིམས་ཁང་གིས་༼བསྙད་བརྐོ་ཟིང་སློང་༽གི་ནག་ཉེས་བཙུགས་པ་དེ་ནི། དོན་དངོས་དང་མི་འཚམ་ཁྲིམས་འགལ་ཉེས་འཛུགས་ཤིག་ཡིན་པ་མ་ཟད། ཁྲིམས་བཤེར་བརྒྱུད་རིམ་ཁྲོད་དུའང་བོད་མི་དེ་དག་ལ་ཁྲིམས་རྩོད་པ་གླས་ནས་དག་འབུལ་གོ་སྐབས་སོགས་ཀྱང་སྤྲད་མེད་པ་རེད།

རྒྱ་གཞུང་གིས་༼བསྙད་བརྐོ་ཟིང་སློང་༽ཞེས་པའི་ཉེས་མིང་འདི་སྤྱད་ནས། རྒྱ་གཞུང་གི་ཁྲིམས་འགལ་བྱ་སྤྱོད་ལ་ཁ་གཏད་བཅག་སྟེ་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་མཁན་ཁྲིམས་རྩོད་པ་དང་རྩོམ་པ་པོ། སྤྱི་ཚོགས་ལས་འགུལ་བ། ཁོར་ཡུག་སྲུང་སྐྱོབ་བ། དེ་བཞིན། སྐད་ཡིག་དང་རིག་གནས་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་མང་པོ་འཇུ་བཟུང་བཙོན་འཇུག་བྱེད་ཀྱིན་ཡོད། ཉེས་མིང་དེ་ནི་རྒྱ་གཞུང་གི་ཉེས་ཁྲིམས་དོན་ཚན་ ༢༩༣ པ་ཆགས་ཡོད། སྤྱིར་བཏང་ཉེས་མིང་འདིར་བཙོན་དུས་ཡུན་ནི་ལོ་ ༥ མན་ཡིན་པ་དང་། ནག་ཉེས་དེ་ཐེངས་མང་བསག་མཁན་ལ་ལོ་ ༥ ཡན་ནས་ལོ་ ༡༠ མན་གྱི་བཙོན་འཇུག་ཁྲིམས་ཐག་གཅོད་ཀྱིན་ཡོད་པ་རེད།

གནས་ཚུལ་འདིའི་འབྱུང་རྐྱེན་ནི། ཕྱི་ལོ་ ༢༠༡༠ ལོར་མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་ས་གནས་རྒྱ་གཞུང་གིས་༼མཁར་གྲོང་ལྗང་མདོག་ཅན་དུ་བསྒྱུར་བ༽ཞེས་པའི་སྲིད་ཇུས་ལ་ཁ་གཡར་ཏེ། མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོ་སྐ་བར་མ་སྡེ་བའི་རྩྭ་ས་མུའུ་ ༤༠༠ དང་ཁྱིམ་ཚང་ཉི་ཤུ་ལྷག་གི་ཁང་བཅས་བཙན་འཕྲོག་ཡོད་པ་རེད། ཡིན་ནའང་། དོན་དངོས་ཐོག་མཁར་གྲོང་ལྗང་མདོག་ཅན་དུ་བསྒྱུར་རྒྱུའི་དམིགས་ཡུལ་མ་ཡིན་པར། ས་གནས་དཔོན་རིགས་དང་ཚོང་པ་ལག་སྦྲེལ་ཐོག་སྒེར་གྱི་ཁེ་ཚོང་གཉེར་ཐབས་ལ་དམིགས་ཏེ། མཁར་གྲོང་ཉེ་འདབས་ཀྱི་འབྲོག་པའི་ས་ཆ་འཕྲོག་བྱེད་པའི་ལྐོག་གཡོ་ཞིག་ཡིན་འདུག་སྟབས། ས་གནས་མང་ཚོགས་ཀྱིས་ས་གནས་འབྲེལ་ཡོད་སྡེ་ཁག་དང་རྫོང་། ཁུལ། ཞིང་ཆེན་བཅས་སུ་རིམ་པར་ཞུ་གཏུགས་ཡང་ཡང་བྱས་ཏེ། ས་གནས་གཞུང་གིས་ཁྲིམས་འགལ་བཙན་འཕྲོག་བྱས་པའི་རྩྭ་ས་དང་ས་ཁང་ཕྱིར་འབྲོག་པ་མང་ཚོགས་ལ་རྩིས་སྤྲོད་དགོས་པ་དང་། ཡང་མིན་ན་དེའི་ཚབ་ཏུ་གུན་གསབ་སྤྲོད་དགོས་པའི་རེ་འདུན་བཏོན་ཡོང་ཀྱང་། ས་གནས་རྒྱ་གཞུང་རིམ་པས་མང་ཚོགས་ཀྱི་དཀའ་ངལ་དེར་ཡ་ལེན་མ་བྱས་མེད་པ་མ་ཟད། ས་གནས་རྒྱ་གཞུང་གིས་སྔ་ཕྱིར་བོད་མི་མང་པོ་འཇུ་བཟུང་གཅར་རྡུང་དང་བཀག་བསྐྱིལ་རིགས་བྱས་མཐར་རིམ་པས་ཕྱིར་གློད་ཡོད་པ་རེད།

རྒྱ་གཞུང་གིས་ལོ་ ༢ བཙོན་འཇུག་ཁྲིམས་ཐག་བཅད་རྗེས། ཟླ་ ༦ འཕར་སྣོན་ཐོག་ཉེས་ཆད་ཕྱིར་འགྱངས་ཀྱིས་རང་ཁྱིམ་དུ་བཀག་སྡོམ་ལྟ་རྟོགས་འོག་ཡོད་པའི་བོད་མི་ཕུར་ཁོ་ལགས།
རྒྱ་གཞུང་གིས་ལོ་ ༢ བཙོན་འཇུག་ཁྲིམས་ཐག་བཅད་རྗེས། ཟླ་ ༦ འཕར་སྣོན་ཐོག་ཉེས་ཆད་ཕྱིར་འགྱངས་ཀྱིས་རང་ཁྱིམ་དུ་བཀག་སྡོམ་ལྟ་རྟོགས་འོག་ཡོད་པའི་བོད་མི་ཕུར་ཁོ་ལགས།

ཡིན་ནའང་། བོད་མི་རིན་ཆེན་རྡོ་རྗེ་དང་འཇིགས་བྱེད་སྐྱབས། ཕུར་ཁོ། ཀིརྟི་ཡེ་ཤེས་བཅས་དངོས་སུ་འཛིན་བཟུང་གིས་ཟླ་བ་མང་པོའི་རིང་བཀག་ཉར་བྱས་རྗེས། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༣༡ ཉིན། བོད་མི་འཇིགས་བྱེད་སྐྱབས་དང་རིན་ཆེན་རྡོ་རྗེ། ཕུར་ཁོ། ཀིརྟི་ཡེ་ཤེས་བཅས་གསང་སྟབས་ཀྱིས་མཛོད་དགེ་རྫོང་མི་དམངས་ཁྲིམས་ཁང་དུ་བསྐངས་ནས་ཁྲིམས་བཤེར་བྱས་ཡོད་ཀྱང་ཐག་གཅོད་བྱུང་ཐུབ་མེད་ཀྱང་། ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༡ ཉིན་མཛོད་དགེ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་༼བསྙད་བརྐོ་ཟིང་སློང་༽གི་ཉེས་མིང་བཀལ་ཏེ། ཁོང་ཚོར་དུས་བཅད་བཙོན་འཇུག་ཁྲིམས་ཐག་བཅད་ཐོག ༼ཉེས་ཆད་ཕྱིར་འགྱངས༽ཀྱི་འགྲོ་ལུགས་ལྟར་སོ་སོའི་རང་ཁྱིམ་དུ་བཀག་སྡོམ་བཙོན་འཇུག་བྱས་ཡོད་པ་རེད།

བོད་མདོ་སྨད་མཛོད་དགེ་ཐང་སྐོར་སྐ་བར་སྡེ་བ་ནི། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་དབང་བསྒྱུར་གྱི་ད་ལྟའི་ས་ཁོངས་ལྟར་བྱས་ན། རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་བཅད་བགོས་བྱས་ཡོད་པའི་རྔ་བ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་ཐང་ཡུལ་ཚོའི་གྲོང་རྡལ་གྱི་མཐའ་སྐོར་ཉེ་འདབས་སུ་ཆགས་ཡོད་པ་དང་། སྡེ་བ་འདིར་ཁྱོན་བསྡོམས་དུད་ཁྱིམ་ ༣༠༠ ཙམ་ཡོད་པ་རེད།