14/12/2019

བོད་མི་འོད་ལྡན་དང་བློ་བཟང་རྒྱ་མཚོ་གཉིས་བཙོན་དུས་རྫོགས་ཏེ་ཉེ་སྔོན་གློད་གྲོལ་བཏང་འདུག

  •   
  •  
  •  
  •  
  •  
  •  
  •  
བོད་མི་འོད་ལྡན་ལགས་བཙོན་དུས་རྫོགས་ནས་གློད་པའི་དཔང་ཡིག
བོད་མི་འོད་ལྡན་ལགས་བཙོན་དུས་རྫོགས་ནས་གློད་པའི་དཔང་ཡིག

བོད་མི་མང་པོ་ལོར་བོད་ས་ཡོངས་སུ་ཞི་བའི་ངོ་རྒོལ་ཆེན་མོ་བྱུང་རྗེས། རྒྱ་གཞུང་གིས་བོད་མི་སྐྱ་སེར་མང་པོ་དྲག་གནོན་དམར་གསོད་དང་། ཉེས་མིང་སྣ་ཚོགས་འོག་མང་པོ་ཞིག་འཇུ་བཟུང་བཙོན་འཇུག་བྱས་ཡོད་པ་རེད། ཡིན་ནའང་། བོད་ནང་བཀག་སྡོམ་ཤུགས་ཆེན་བྱས་སྟབས། སྐབས་དེར་ཞིབ་ཕྲའི་གནས་ཚུལ་མང་པོ་ཞིག་དུས་ཐོག་ཤེས་རྟོགས་ཐུབ་ཁག་པོ་ཆགས་ཡོད། བོད་མི་འོད་ལྡན་དང་བློ་བཟང་རྒྱ་མཚོ་གཉིས་ཀྱང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་འཇུ་བཟུང་བཙོན་འཇུག་བྱས་ཐོག བཙོན་ཁང་ནང་དུས་བཀག་རྫོགས་ཏེ་སྔ་ཕྱིར་གློད་ཡོད་ཀྱང་། དེ་སྔོན་འོད་ལྡན་ལགས་འཇུ་བཟུང་བཙོན་འཇུག་བྱས་པའི་གནས་ཚུལ་ཙམ་ལས། ཁོང་གཉིས་ཀྱི་ཞིབ་ཕྲའི་གནས་ཚུལ་ཁག་ད་ལྟའི་བར་གསལ་རྟོགས་ཐུབ་མེད་པ་རེད།

འདི་ག་ལྟེ་གནས་ཁང་ལ་ཉེ་ཆར་གནས་ཚུལ་འབྱོར་དོན་ལྟར་ན། ༢༠༠༨ ལོའི་ཕྱི་ཟླ་ ༣ ནང་བོད་མདོ་སྨད་རྔ་སྨད་ཨ་འཁྱམས་ཡུལ་ཚོ་རུ་བྱུང་བའི་ཞི་རྒོལ་ཁྲོད་མཉམ་ཞུགས་བྱས་པར་བརྟེན་ནས། ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༣ ཚེས་ ༢༢ ཉིན་བོད་མི་འོད་ལྡན་ལགས་རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་ཐོག ཕྱི་ཟླ་ ༦ ཚེས་ ༢༤ ཉིན་རྔ་བ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། འོད་ལྡན་ལགས་ལ་༼འཕྲོག་བཅོམ༽གྱི་ཉེས་མིང་བཏགས་ཏེ་ལོ་ ༩ བཙོན་འཇུག་ཁྲིམས་ཐག་བཅད་རྗེས། ཁོང་མཱེན་ཡང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་། བཙོན་ཁང་ནང་རྣམ་འགྱུར་པའི་ངོས་འཛིན་ཐོག བཙོན་དུས་ཆག་ཡང་གིས་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༢ ཉིན་གློད་བཀྲོལ་ཐོབ་ཡོད་པ་རེད།

རྒྱ་གཞུང་གིས་ལོ་དགུའི་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་མི་འོད་ལྡན་ལགས།
རྒྱ་གཞུང་གིས་ལོ་དགུའི་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་མི་འོད་ལྡན་ལགས།

དེ་བཞིན། མཱེན་ཡང་བཙོན་ཁང་གིས་འོད་ལྡན་ལགས་བཙོན་གྲོལ་སྐབས་སྤྲད་པའི་དཔང་ཡིག་སྟེང་དུ། བཙོན་འཇུག་རིང་སྔ་ཕྱིར་ཐེངས་གསུམ་ལ་བཙོན་དུས་མར་ཕབ་སྟེ། ཁྱོན་བསྡོམས་ལོ་ ༢ ཟླ་ ༡༠ ཡི་བཙོན་དུས་ཆགས་ཡང་བཟོས་རྗེས། དུས་ཡུན་ལོ་ ༦ དང་ཟླ་ ༢ རིང་དངོས་སུ་བཙོན་འཇུག་གིས་བཙོན་དུས་རྫོགས་ཏེ་གློད་གྲོལ་བཏང་བ་ཡིན་སྐོར་བཀོད་འདུག

རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་མི་སེར་སྤེལ་བའི་ད་ལྟའི་དབང་བསྒྱུར་ས་ཁོངས་ལྟར་བྱས་ན། འོད་ལྡན་ལགས་ནི་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་ཨ་འཁྱམས་ཡུལ་ཚོའི་རུ་ཁག་གཉིས་པའི་ཡིན་ལ། ཁོང་ཕྱི་ལོ་ ༡༩༨༨ ལོར་སྐྱེས་ཤིང་། རང་ལོ་ ༡༩ སྟེང་རྒྱ་གཞུང་གི་འཇུ་བཟུང་བཙོན་འཇུག་འོག་ཚུད་ཡོད་པ་རེད། ཁོང་གི་ཨ་ཕའི་མིང་ལ་མགོན་གོ་དང་། མའི་མིང་བདེ་གསལ་སྐྱིད་ཟེར། ཁོང་ནི་མིང་སྲིང་བདུན་ཡོད་པའི་གྲས་ནས་ལྔ་པ་དེ་ཡིན་པ་རེད།

ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་རྫོགས་ཏེ་གློད་བཀྲོལ་ཐོབ་པའི་བོད་མི་བློ་བཟང་རྒྱ་མཚོ་ལགས།
ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་རྫོགས་ཏེ་གློད་བཀྲོལ་ཐོབ་པའི་བོད་མི་བློ་བཟང་རྒྱ་མཚོ་ལགས།

དེ་བཞིན། བོད་མི་བློ་བཟང་རྒྱ་མཚོ་ལགས་ཀྱིས་ ༢༠༠༨ ལོའི་རྔ་བ་ས་ཁུལ་གྱི་ཞི་རྒོལ་ཁྲོད་མཉམ་ཞུགས་བྱས་པར་བརྟེན་ནས། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༢ ཉིན་རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་ཐོག ཕྱི་ཟླ་ ༦ ཚེས་ ༢༤ རྔ་བ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ཁོང་ལ་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ། མཱེན་ཡཱང་བཙོན་ཁང་ནང་བཙོན་འཇུག་གིས་བཙོན་དུས་རྫོགས་ཏེ། ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༢༥ གློད་བཀྲོལ་བཏང་ཡོད་པ་རེད།

རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་མི་སེར་སྤེལ་བའི་ད་ལྟའི་དབང་བསྒྱུར་ས་ཁོངས་ལྟར་བྱས་ན། བློ་བཟང་རྒྱ་མཚོ་ལགས་ཀྱང་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་ཨ་འཁྱམས་ཡུལ་ཚོའི་རུ་ཁག་གཉིས་པའི་ཡིན་པ་དང་། ཁོང་ད་ལྟ་ལོ་ ༣༤ ཡིན་ལ། ཁོང་གི་ཕའི་མིང་ལ་དར་རྒྱས་དང་ཨ་མའི་མིང་ལ་སྒྲོན་བྷེ། ཁོའི་ཆུང་མའི་མིང་ལ་ལྷ་མོ་མཚོ་ཟེར།

བོད་མི་འོད་ལྡན་དང་བློ་བཟང་རྒྱ་མཚོ་གཉིས་བཙོན་འཇུག་དུས་ཡུན་རྫོགས་ཏེ། སྔ་ཕྱིར་གློད་བཀྲོལ་གྱིས་ཕྱིར་རང་ཡུལ་དུ་ལོག་སྐབས། ས་གནས་མང་ཚོགས་ཀྱིས་ཁོང་གཉིས་ལ་ཁ་བཏགས་འཐེན་ཏེ་དགའ་བསུ་བྱས་ཡོད་པ་རེད། དེ་བཞིན། ས་གནས་མང་ཚོགས་ཀྱིས་བརྗོད་པ་ལྟར་ན། ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་བྱུང་རྗེས། རྒྱ་གཞུང་གིས་བོད་མི་མང་པོར་ཁྲིམས་མཐུན་ཁེ་དབང་གང་ཡང་མ་སྤྲད་པར། རྒྱ་གཞུང་རང་ཉིད་ཀྱི་དགོས་མཁོ་དང་འདོད་མོས་ལྟར་གང་འདོད་ཉེས་མིང་འདྲ་མིན་གཡོགས་ཏེ་ཁྲིམས་ཐག་ནན་མོ་བཅད་ཡོད་འདུག

བོད་མི་འོད་ལགས་གློད་དེ་ཕྱིར་རང་ཡུལ་དུ་ལོག་སྐབས་ས་གནས་ཡུལ་མིས་ཁ་བཏགས་སྒྲོན་བཞིན་པ།
བོད་མི་འོད་ལགས་གློད་དེ་ཕྱིར་རང་ཡུལ་དུ་ལོག་སྐབས་ས་གནས་ཡུལ་མིས་ཁ་བཏགས་སྒྲོན་བཞིན་པ།
༢༠༠༨ ལོའི་ཕྱི་ཟླ་ ༣ པའི་ནང་བོད་མདོ་སྨད་རྔ་སྨད་ཨ་འཁྱམས་ཡུལ་ཚོ་རུ། མང་ཚོགས་ཀྱི་ཞི་བའི་ངོ་རྒོལ་ཤུགས་ཆེན་བྱུང་རྗེས། ཞི་རྒོལ་དེ་དང་འབྲེལ་ནས་རྒྱ་གཞུང་གིས་བོད་མི་མང་པོ་འཇུ་བཟུང་བཙོན་འཇུག་བྱས་ཡོད་པ་རེད། དེ་སྔོན་བཙན་བྱོལ་བོད་མིའི་དབུས་སྒྲིག་འཛུགས་ཀྱིས་བཏོན་པའི། ༢༠༠༨ ལོའི་བོད་ནང་གི་ཞི་རྒོལ་ཆེན་མོའི་གནས་ཚུལ་སྐོར་གྱི་དེབ་ནང་དུ། རྔ་སྨད་ཨ་འཁྱམས་ཡུལ་ཚོའི་ཞི་རྒོལ་དང་འབྲེལ་ནས། སྐབས་དེར་རྒྱ་གཞུང་གིས་བོད་མི་འཕེལ་རྒྱས་ལ་ལོ་ ༡༣ དང་། འཕགས་པ་ལ་ལོ་ ༡༢ ། འོད་ལྡན་ལ་ལོ་ ༩ ། གཞན་པའི་བོད་མི་ ༧ ལ་ལོ་གཉིས་རེ་བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྐོར་གསལ་ཡོད་པ་ལྟར། བློ་བཟང་རྒྱ་མཚོ་ལགས་ནི་སྐབས་དེར་ལོ་གཉིས་རེའི་བཙོན་ཐག་བཅད་པའི་བོད་མི་བདུན་པོའི་གྲས་ཀྱི་གཅིག་ཡིན་པ་རེད།