20/10/2020

བོད་མི་ཞིག་ཡིན་པའི་ངོས་ནས་ཞི་རྒོལ་བྱེད་རྒྱུ་ནི་བདག་གི་འོས་འགན་ཡིན། བོད་དོན་ལས་འགུལ་བ་བསྟན་འཛིན་མིག་དམར།

  •   
  •  
  •  
  •  
  •  
  •  
  •  

གཟའ་འཁོར་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བསྟན་འཛིན་མིག་དམར་གྱིས། བོད་ནང་ལོགས་ཀྱི་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་དབང་མེད་པས། ཁོ་རང་གཞན་ཡུལ་རང་དབང་ལུང་པར་སྐྱེས་པའི་བོད་མི་ཞིག་ཡིན་པའི་ཆ་ནས། ཞི་བའི་འདུ་འཛོམ་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་རྒྱུ་ནི་ཁོང་གི་འགན་འཁྲི་ཡིན་པར་ཡིད་ཆེས་བྱེད།

དུས་ཡུན་རིང་བོར་བསྟན་འཛིན་མིག་དམར་བཞུགས་སྒར་དྷ་ས་ས་གནས་གཞོན་ལྷན་གྱི་ཚོགས་མི་དང་། གཞིས་བཞུགས་བོད་མིའི་མགྲིན་ཚབ་བྱས་ནས་ཞི་རྒོལ་ལས་འགུལ་སྣ་ཚོགས་ནང་མཉམ་ཞུགས་གནང་བ་རེད།

“ང་རང་ཞི་རྒོལ་ལས་འགུལ་ནང་མཉམ་བཞུགས་བྱེད་ཐེངས་རེར། དེ་རིང་བོད་རྒྱལ་ཁབ་ཀྱི་ཆེད་དུ་ཞི་རྒོལ་བྱེད་དགོས་སྙམ་གྱི་ཡོད། ང་ཚོ་བཙན་བྱོལ་བར་མཚོན་ན། ཞི་རྒོལ་ལས་འགུལ་ག་དུས་སྤེལ་ཡང་། ཕྱི་དྲོར་བདེ་འཇགས་ངང་ཕྱིར་སོ་སོའི་ནང་ལ་ལོག་ཡོང་ཐུབ་ཀྱང་། བོད་ནང་ལོགས་ནས་ཞི་རྒོལ་གནང་མཁན་བོད་མི་རྣམས་ང་ཚོ་ནང་བཞིན་བདེ་མོ་འཚམ་པོར་ཕྱིར་སོ་སོའི་ནང་ལ་ལོག་ཐབས་མེད་པའི་ཉེན་ཁ་བརྒྱུད་དགོས་པ་རེད། སེམས་ནང་དེ་ལྟར་དྲན་བཞིན། ངས་རྒོལ་བྱེད་ཀྱི་ཡོད།”

བསྟན་འཛིན་མིག་དམར་གྱིས་ཐེངས་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་ཀྱིས་རྒྱ་གཞུང་ལ་འབོད་སྐུལ་གནང་དོན།

༡༽ ཞི་བའི་འདུ་འཛོམ་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་རྩ་འཛིན་དང་འགལ་བའི་རྒྱ་གཞུང་གི་ལག་བསྟར་སྲིད་ཇུས་ཁག་མྱུར་དུ་མཚམས་འཇོག་དགོས།

༢༽ ཞི་རྒོལ་བར་བཙན་དབང་གིས་དྲག་གནོན་དང་བཀག་བསྐྱིལ་བྱེད་ཐབས་ཀྱི་སྲིད་ཇུས་མེད་པར་བཟོ་དགོས།

༣༽ ཞི་རྒོལ་བ་གང་བྱུང་བཀག་ཉར་དང་མནར་གཅོད་གཏོང་མཁན་སྲིད་གཞུང་གི་དཔོན་རིགས་ཚོར་ཉེས་ཆད་འགེལ་དགོས།

༤༽ བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་དང་། སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་གཉིས་ལ་ལག་བསྟར་ཆོག་མཆན་འགོད་དགོས།

༥༽ ཞི་བའི་འདུ་འཛོམ་དང་ཚོགས་འཛུགས་རང་དབང་གི་ཐོབ་ཐང་ཐད་ཀྱི་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་གདད་ཞུ་ཞུས་ནས། ད་ལྟའི་བོད་ནང་གི་ཞི་བའི་འདུ་འཛོམ་རང་དབང་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་རྒྱུས་ལོན་བྱེད་དུ་འཇུག་དགོས།

ཕྱི་ཟླ་༥ ཚེས་༣ ཉིན་ནས་འདི་ག་ལྟེ་གནས་ཁང་གིས་ཞི་རྒོལ་ཐོབ་ཐང་གི་ལས་འགུལ་འགོ་བཙུགས་ཏེ། བོད་མིའི་ཞི་རྒོལ་སྙིང་སྟོབས་དང་སེམས་ཤུགས་བཅས་མཚོན་པའི་བྱུང་རིམ་ལོ་རྒྱུས་འགྲེམ་སྤེལ་གྱིས། ད་ཆར་རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་གི་གོ་སྐབས་བེད་སྤྱད་ནས། བོད་ནང་དུ་ཞི་བའི་ཐོག་ནས་འདོད་མོས་མེད་པའི་རྣམ་འགྱུར་ཇི་འདྲ་ཞིག་བསྟན་ནའང་། དེ་ལ་ཚབས་ཆེའི་དྲག་གནོན་དང་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་སྦེད་ཐབས་ཀྱི་སྒྲིབ་གཡོག་བཤུས་ཏེ། བོད་མིའི་སྨྲ་བརྗོད་རང་དབང་གསལ་འདོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

འདི་ལོའི་ཕྱི་ཟླ་༡༢ ཚེས་༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་བར་དུ། ཐེངས་འདིའི་ལས་འགུལ་བརྒྱུད་བོད་དོན་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་མི་སྣ་༣༠ ཡི་རེ་འདུན་དང་བློ་སྤོབས། ཞི་རྒོལ་བཅས་ཀྱི་གནས་ཚུལ་རིམ་པར་སྤེལ་འཆར་ཡོད།